[B:31a] ཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཁྲིད་དང་། ཟབ་མོ་ནང་དོན་རྩ་འགྲེལ། ཆོས་དབྱིངས་བསྟོད་པའི་འགྲེལ་པ། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་བསྟན་བཅོས། སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་རྣམས་དང་། མི་ཉག་ཤེས་རབ་བཟང་པོས་མཛད་པའི་དོ་ཧའི་ཁྲིད་ཡིག་དོ་ཧ་སྐོར་གསུམ། རྨངས་དོ་ཧའི་རྣམ་བཤད། རྟེན་ཁྱད་པར་ཅན་བླ་མའི་མཚན་ཉིད། བརྟེན་པ་ཁྱད་པར་ཅན་སློབ་མའི་མཚན་ཉིད། བརྡའ་དང་ཐབས་ཁྱད་པར་ཅན། འབྲས་བུ་ཁྱད་པར་ཅན། སྒྲོ་འདོགས་གཅོད་པའི་ཆོས་བརྒྱད། བརྒྱུད་པའི་ལོ་རྒྱུས་ཏེ་པར་ཕུ་བའི་ལུགས་རྣམས་དང་། ངེས་[A:73]ཤེས་བསྐྱེད་པའི་གཏམ་རྒྱུད་རྣམས་གསན། རི་མི་འབབས་པའི་གསུང་ནས་ཁྱེད་རླུང་འཛི་ན་ཞིང་ཡོང་པ་ཡིན་ནམ་གསུང་། མེད་ལགས་ཞུས་པས་ངོ་ལ་ལྟས་ན་ཡོད་པ་འདྲ་གསུང་། དེར་ཟླ་གཅིག་སོང་པ་དང་། ད་བྱོན་གསུང་། དང་པོ་ལ་ལྟ་ཤེས། ངེད་རང་རྐྱང་པར་ཕྱིན་ན་ཆོས་མང་དུ་ཐོབ་པར་འདུག་པ་ལ་དེ་རེས་བྱང་རྩེ་བ་ལ་སོགས་པའི་ཟླ་བོ་མང་དུ་ཡོད་པས་ཐུགས་སོ་མ་བསོད་པ་འདྲ། རྟག་ཏུ་ཐུགས་དམ་མཛད་པས་སྐུ་ལུས་ལས་སུ་རུང་ནས། ཉིན་རངས་པར་གསོལ་ཇ་གསོལ་ཡང་སྐུ་ཁམས་གསང་ཐེབས་རེས་ཞག་རེ་ཐུབ། གསོལ་ཞིབ་ཀྱང་འབུལ་བ་གང་སྔ་ནས་བཞེས། ལར་གྱི་ངོ་མཚར་ཆེ་ཁོང་ཕྱག་རྒྱ་ཆེན་པོའི་ལྟ་བ་འདི་ངས་ཀྱང་བློས་མི་གཏོང་། ཁོས་ཀྱང་ང་བློས་གཏོང་མི་འོང་། དགེ་ལྡན་པའི་ངང་ཚུགས་འདི་ངས་ཀྱང་ཁོ་བློས་མི་གཏོང་། ཁོས་ཀྱང་ང་བློས་གཏོང་མི་འོང་གསུང་ནས་ངང་ཚུགས་ཤིན་དུ་དམ་པར་མཛད་གསུང་ནས་ཤིན་དུ་གུས་པ་གནང་། སྤྲེའུ་ལོའི་དབྱར་ཀོང་པོར་ཆོས་རྗེ་ཆོས་དཔལ་ཡེ་ཤེས་པའི་དྲུང་དུ་གསུང་ཆོས་མང་དུ་གསན་པའི་ཕྱིར་ཕེབས་པར་བརྩམས་པ་ན། སྦྱིན་བདག་གི་གསུང་ནས་དེ་མཛད་ན་འཁོར་འདི་རྣམས་ལ་ནོར་ཉན་པ་ཅིག་མི་འོང་གསུང་ནས་ཤོལ་བསམ་ཐོན་པ་ཡིན་གསུང་། འབྲུ་མདར་གཤེད་དམར་གྱི་དབང་ཡང་ལེགས་པར་གནང་། དེ་ནས་ཡར་ཕེབས་པར་བཞེད་པ་ན་སྦྱིན་བདག་སྐུ་མཆེད་ཐམས་ཅད་ཀྱིས་གཞི་ཕབ་ནས་བཞུགས་པར་ཞུས་ནའང་མ་བཞུགས། དེ་རེས་དྭགས་པོ་ཕྱོགས་སུ་བཞུགས་པའི་ཚེ་རང་དོན་