[B:33a] བཟང་དུབཞུགས་པ་ཡིན་ཏེ། ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་པ་དེ་སྤྱིར་ཐུགས་དམ་པའི་ཆོས་ཁོ་ནར་གཞོལ། རང་གི་མཛད་པ་ཐམས་ཅད་ཀྱང་བསྟན་པའི་ཞབས་ཏོག་ཏུ་བསྡུར། བསྟན་པ་འཛིན་པའི་སྐྱེས་བུ་ཐམས་ཅད་ལ་ཐུགས་དག་པས་ཞབས་ཏོག་དང་མཐུན་པའི་རྐྱེན་མང་པོ་སྦྱོར། ཉིན་རེ་ལ་ཇ་སྦྱོར་བཅུ་གཉིས་ལྷག་པ་རེ་སྐོལ་ནས་དགེ་བའི་བཤེས་གཉེན་རྣམས་ཆོས་ཁོ་ན་བགྲོར་འཇུག ཆོས་ཀྱི་སྒོ་མཐའ་དག་ལ་ཐུགས་འཇུགབླ་མར་བཟང་བ་ཐམས་ཅད་ལ་བཀུར་སྟི་རྒྱ་ཆེན་པོ་མཛད་པ་དེས་སྦྱིན་པའི་བདག་པོ་གནང་ནས་བཀའི་ལུང་གིས་རྒྱུད་འགྲེལ་སོགས་ཀྱི་ཆོས་འཁོར་རྒྱ་ཆེན་པོ་སྐོར། དེའི་ཞར་ལ་རྒྱུད་གསུམ་གྱི་གསང་བ་རྣམ་པར་ཕྱེ་བའི་བརྩོམ་པ་འཕྲལ་དང་འཕྲལ་དུ་མཛད། དེ་གྲོལ་ནས་སླར་ཡང་རྒོད་ཕྲུག་ཆོས་རྗེའི་སྐུ་མདུན་དུ་རྒོད་ཚང་བྲག་ཏུ་ཕེབས་པ་ན། ཁ་སང་བར་མི་དེ་ཙམ་ལ་རྒྱུད་མཉན་པོ་དེ་འདྲ་གསུང་། བར་ཆད་མི་འོང་བ་ངོ་མཚར་ཆེ། ཆོས་གསུང་དུས་སྔོན་དང་ད་ལྟར་གྱི་དགེ་བའི་བཤེས་གཉེན་སུ་ལའང་ཞལ་མི་གཏོང་བར་འདུག་ཟེར་བ་དེ་ཐུགས་ལ་བཏགས་གསུང་། དེར་བཞུགས་ནས་འབྲུག་པའི་ཁྲིད་ཆེན་བརྒྱད་ཀྱི་སྐོར་ལ་ཆོས་ཚན་བཞི་བཅུ་རྩ་ལྔ། འཇམ་དབྱངས་མགོན་པོའི་ཡིག་ཆའི་སྟེང་ནས་ཏིང་ངེ་འཛིན་གྱི་དབང་བསྐུར་སྔོན་དུ་འགྲོ་བའི་ཐུབ་པ་ལྔའི་ཁྲིད། ངོ་སྤྲོད་རྣལ་འབྱོར་བཞི་[A:78]བཤད་ཡོད་པ། འཁྲུལ་འཁོར་གྱི་ཡིག་ཆུང་། བཀའ་ཚོམས། དཔལ་ཕག་མོ་གྲུབ་པའི་བཀའ་འབུམ་ལས་ལམ་འབྲས་དཔེ་མཛོད་མའི་སྐོར་ལ་ཆོས་ཀྱི་རྣམ་གྲངས་བཅུ་བདུན། སྒྲོལ་མ་ལྷ་བཅུ་བདུན་མ་དང་། བཅུ་གསུམ་མ་གཉིས་ཆོས་རྒྱལ་འཕགས་པའི་ཡིག་ཆའི་སྟེང་ནས་དབང་སྐུར། སྒྲོལ་མ་ཉི་ཤུ་རྩ་གཅིག་གི་དབང་དང་། སོ་སོའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་མལ་གྱོ་བློ་གྲོས་གྲགས་ཀྱིས་བསྒྱུར་བའི་སྟེང་ནས་ལུང་ལེགས་པར་གསན། ཕྱག་དྲུག་པའི་གཏོར་དབང་ཐུན་མོང་པ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་།