R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 33b
[B:33b] ཞི་བ་འཚོའི་སྡོམ་པ་ཉི་ཤུ་པའི་འགྲེལ་པ་རྣམས་དང་། རི་ཆོས་ཀྱི་སྐོར་ལས་གཞུང་གཉིས་པའི་སྐབས་སུ་འཕྲང་སྒྲོལ་གྱི་ལོ་རྒྱུས་ཚེ་རིང་མའི་ཞུ་ལན་ལ་སོགས་ཆོས་ཚན་བཅུ་གཅིག་ཙམ་དང་། གཞུང་གསུམ་པ་ནས་རྡོ་རྗེ་ལུས་ཀྱི་སྦས་བཤད་ཀྱི་གཞུང་ལ་སོགས་ཆོས་ཚན་བདུན། ཁྲིད་ཀྱི་སྐོར་ནས་བྱང་ཆུབ་སེམས་ཀྱི་ཁྲིད་ལ་སོགས་ཆོས་ཚན་བཅུ་གསུམ། གཅོད་ཡུལ་གྱི་མ་ཁྲིད་ཆེན་མོ། ཁུ་སྒོམ་གྱི་ཤོག་དྲིལ་བཞི། གཅོད་རིན་ཆེན་བ། གདོན་ཆེན་བཅོ་བརྒྱད་ཀྱི་གཅོད། ལེའུ་ལག་བརྒྱད་མ། རྩལ་སྦྱོང་བདུན་མ་ལ་སོགས་མང་པོ་དང་། ཟབ་དོན་ཐུགས་སྙིང་གི་སྐོར་ལས་ཆོས་ཚན་བཅུ་བདུན་ཙམ་གསན། ཆོས་རྗེ་རིན་པོ་ཆེ་དེ་རྟོགས་པ་ནམ་མཁའ་དང་མཉམ། ཕྲིན་ལས་ཐམས་ཅད་ལྷ་འདྲེས་སྒྲུབ། སྒྲུབ་རྒྱུད་མན་ངག་ཐམས་ཅད་ཀྱི་བདག་པོར་བཞུགས། ལྐོག་གྱུར་ཐམས་ཅད་ཀྱང་ལེགས་པར་དགོངས། འཕྲལ་ཡོན་བདག་ཕོ་མོ་རྣམས་ཀྱིས་ཉིན་རེ་བཞིན་བསྙེན་བཀུར་ཞུ་མཁན་གྲངས་མེད་འོང་། དེ་ཐམས་ཅད་ཀྱི་སྟེང་ནས་སྣ་ཚང་བར་ཡང་བཞེས། གསོལ་ཇ་ཡང་གང་བཟང་ཐམས་ཅད་ཉིན་རངས་པར་བཞེས་ཐུབ། བཀའ་ལུང་ལའང་ཆོས་རྗེ་སེམས་དཔའ་ཆེན་པོས་གསོལ་ཇ་བཞེས་ཐུབ་ཀྱི་མེད་པར་འདུག བདག་[A:79]གི་བསྙེན་སྒྲུབ་དང་སྤྱོད་ཡུལ་གྱི་དྲིན་ལ་ཇ་འཐུང་ཐུབ་ཀྱི་ཡོད་ཅེས་ཀྱང་གསུང་། ཐུགས་ཀྱི་འཇུག་པ་ཅིག་ཀྱང་མ་འཁྲུལ་བ་དེ་ཆོས་རྗེ་རིན་པོ་ཆེ་ལ་མངའ་ལགས་སམ་ཞུ་མཁན་འདུག་པ་ལ། དེ་ལོས་ཡོད་དེ་མེད་ན་ངས་འདིད་ཙམ་ག་ན་འཇུ་གསུང་གི་འདུག་གསུང་བ་ལ་སོགས་པའི་ཆེ་བརྗོད་མང་དུ་མཛད་ཅིང་ཤིན་དུ་གུས་པར་ཡང་གནང་། དགུང་ལོ་ལྔ་བཅུ་རྩ་གཅིག་པ་ཆུ་ཕོ་ཁྱིའི་དགུན་ནས་དྲུག་བཅུ་རྩ་གཅིག་བཞེས་པ་ཆུ་ཕོ་སྤྲེའུའི་བར་དུ་ཆོས་ཇི་ལྟར་གསུངས་ཚུལ་རྒྱས་པར་འོག་ཏུ་འཆད་པར་འགྱུར་རོ། དགུང་ལོ་ལྔ་བཅུ་རྩ་དྲུག་གི་སྐབས་སུ་བལ་པོར་པཎ་ཆེན་རིན་པོ་ཆེའི་ཞབས་དྲུང་དུ་ཕེབས་ཏེ་གདམས་པ་རྣམས་གསན་པར་བཞེད་ནས། ཕེབས་པར་བརྩམས་པའི་ཚེ་རྐྱེན་འགའ་ཞིག་གིས་བཤོལ་དགོས་བྱུང་། བྲག་དཀར་མོ་བའི་རྫོང་དཔོན་པ་སྐུ་མཆེད་ཀྱི་ཇོ་ནང་བཀའ་བཞི་བ་གཤེགས་པའི་གདན་སར་སྤྱན་དྲངས་ནའང་མ་ཕེབས་པ་ཡིན། ཆུ་ཕོ་སྤྲེའུའི་སྟོན་གཞན་ལ་ཕན་པའི་སྒོ་ཆེན་པོར་