R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 34a
[B:34a] འགྱུར་བ་དང་། པཎ་ཆེན་རིན་པོ་ཆེའི་ཞབས་ཏོག་ཏུ་དགོངས་ནས་དགུང་ལོ་མཐོ་པོར་ཕེབས་ཀྱང་དཔོན་སློབ་བཅུ་གཅིག་ཙམ་གྱིས་ཟླ་བ་བརྒྱད་པའི་ཉི་ཤུ་བཞི་ལ་སྤྱན་འདྲེན་དུ་བཏེག་ནས་མི་དཔོན་ཆེན་པོ་རྣམས་དང་། དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱི་གནས་རིམ་གྱིས་བརྒྱུད་དེ་ཕེབས་པས་སོ་སོ་ནས་ཞབས་ཏོག་དང་བཀུར་སྟི་ཆེན་པོ་མཛད། ངུར་སྨྲིག་གི་ཇོ་མོའི་དྲུང་དུ་འདོད་པའི་དོན་གྲུབ་ཅིང་བར་ཆད་མེད་པའི་གསོལ་བ་བཏབ་པས་བྱིན་བརླབས་ཆེན་པོའང་བྱུང་། དེའི་བཏང་རག་ཏུ་ཕྱིར་ལམ་རས་ཡུག་གཅིག་ཕུལ་བ་ཡིན་གསུང་། ཞུ་འབྲོག་ལྷ་ཁང་དུ་བཞུགས་པའི་དུས་སུ་གནས་བརྟན་ཆེན་པོ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པ་དཔལ་གྲགས་པ་དང་ཨུ་རྒྱན་བཟང་པོ་བ་དཔོན་སློབ་བཅོ་ལྔ་ཙམ་ཕྱག་འབུལ་ཞིང་ཆོས་འབྲེལ་ཞུར་བྱོན། སྔར་ལས་སུ་མི་[A:80]རུང་བ་དག་ཀྱང་ཁོང་གི་ཕྱག་ཕྱིར་བཏུད་ནས་ཉོན་མོངས་པ་ཡིད་ལ་འགྱུ་མ་མྱོང་བ་སྙམ་བྱེད་པའི་བརྟུལ་ཞུགས་བཟུང་ནས་བྱུང་བས་ཁོང་གིས་འདི་ཡང་འདི་ཙམ་དུ་ཐུལ་འདུག་བསམ་ནས་ཁོང་ལ་དང་བ་ཆེན་པོ་སྐྱེས་གསུང་། ལ་སྟོད་བྱང་ནས་ལྷོར་ཕེབས་པའི་ལམ་དུ་རྗེ་བཙུན་མ་སྒྲོལ་མའི་བྱིན་བརླབས་ཀྱི་མཚན་མ་བཟང་པོའང་གཟིགས། བར་འབྲོག་ལ་སོགས་པའི་ལམ་འཇིགས་པ་ཅན་རྣམས་ལ་ཕེབས་པའི་ཚེ་ཆིབས་དྲེལ་དང་། ཁལ་རྣམས་ཀྱང་སྔར་བས་བཟང་བ་དང་། ཉི་མའང་གཞན་ལས་རིང་བ་དང་། ལམ་ཆོད་ཆེ་ཞིང་ཤིན་དུ་བག་ཕེབས་པའང་བྱུང་གསུང་། དེ་ནས་ལ་སྟོད་སྒང་དཀར་དུ་ཕེབས་ནས་ཞག་ཁ་ཅིག་གི་བར་དུ་བདག་པོ་ལྷ་བཙན་སྐྱབས་པ་ཡབ་སྲས་དང་མ་མཇལ། ཁྱེད་རྣམས་ཅི་ལ་བྱོན་པ་ཡིན། མྱང་སྟོད་པ་དང་གཉེན་གྱི་ལམ་དགག་ཏུ་བྱོན་པ་ཡིན་ནམ་ཟེར་ནས་རྟོག་ཏུ་བྱུང་བ་ལ། བདག་དགེ་བཤེས་རྒད་པོ་ཅིག་ཡིན། དེའི་དོན་གྱིས་མྱང་སྟོད་པའི་