R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 35b
[B:35b] བླ་མ་རྡོར་འཛིན་པ་ལ་ཆོས་རྗེ་ངེས་པར་འབྱོན། ཁྱེད་ཀྱིས་ཀྱང་སྤྱན་འདྲེན་པའི་ཁས་བླངས་ཕུལ་འདུག་པ་བཞིན་ད་ལན་ཅིས་ཀྱང་སྤྱན་འདྲེན་ཐུབ་པ་གྱིས་གསུང་བའི་བཀའ་ལུང་ནན་ཅན་དགོས་ཆ་དང་བཅས་པ་གནང་བརྫངས་པ་ལགས་པས་ཐབས་དང་སྟོབས་དང་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཅི་ནའང་འབྱོན་པར་ཞུ། ཁྱད་པར་ཁོ་ཁོམ་རྒྱལ་པོའི་ཕྱོགས་ལ་ཇི་ལྟར་བགྱི་བ་ཡང་ཆོས་རྗེ་ཉིད་མཁྱེན་པ་ལགས། གལ་ཏེ་ད་ལན་མ་ཕེབས་ན་དབུས་གཙང་གི་རྒྱལ་པོ་མི་ཆེ་བ་བདག་ཅག་སློབ་འབངས་ཐམས་ཅད་ཡི་འཆད། ཕྱི་ནས་སྤྱན་འདྲེན་པ་ཡང་ཤིན་དུ་དཀའ་བར་འདུག མདོར་ན་སངས་རྒྱས་ཀྱི་བསྟན་པ་ལ་དགོངས། ཡོན་བདག་རྣམས་ཀྱི་དད་པའི་སྤྱོད་ལམ་[A:83]ཐུགས་ལ་བཞག་ནས་ཟླ་བ་བཅུ་གཉིས་པའི་ནང་དུ་བྲིན་དུ་ཕེབས་པ་ཅིག་ཅི་ནས་ཀྱང་བྱོན་བྱོན། བྲིན་དུ་ཕེབས་དུས་ཤེལ་དཀར་ནས་བསུ་བ་དང་ཞབས་ཏོག་ཀྱང་ཡོང་པར་ཡོད་པས་དགོངས་པར་ཞུ། ཟླ་བ་བཅུ་གཅིག་པའི་ཉི་ཤུ་དྲུག་ལ་ལ་སྟོད་སྒང་དཀར་པོ་ནས་ཕུལ་བའི་ཞུ་ཡིག་བདེ་ལེགས་སུ་གྱུར་ཅིག ཞེས་པའོ། དེ་ནས་ཡུན་རིང་པོའི་བར་དུ་སྐད་ཆ་ཅི་ཡང་མ་བྱུང་པ་དང་ནམ་ཟླའང་དྲོས་པའི་སྟོབས་ཀྱིས་སྤྱན་འདྲེན་རྣམས་ཚད་པས་ནོན་དོགས་ཀྱི་ཐུགས་འཚབས་པའི་ཚེ། པཎ་ཆེན་བོད་དུ་ཕེབས་པའི་མཚན་ལྟས་བཟང་པོའང་གཟིགས། དེ་ནས་འགོར་བཞི་ཆེན་པོ་ཅིག་ལ་པཎ་ཆེན་འཁོར་དང་བཅས་པ་ཆུ་བར་དུ་ཕེབས་པ་ལ་ན་བཟའི་བསུ་བ་བཏང་། དེ་ནས་དིང་རིར་ཕེབས་པ་ན། བདག་པོ་ཚེ་དབང་པས་བགས་ཡོང་ཟེར་ནས་པཎ་ཆེན་དཔོན་གཡོག་དིང་རིའི་ཕུ་སྟོད་དུ་བཀར་ནས་ལུང་པའི་གཞུང་ལའང་གཤེགས་སུ་མ་སྟེར། སྤྱན་འདྲེན་པ་ལ་ཕེབས་ནས་དིང་རིར་ཕེབས་གདོང་དུ་ཕྱག་འབུལ་དུ་ཕེབས་རྒྱུ་ཡིན་ནའང་ཟླ་བ་ཕྱེད་ཀྱི་བར་དུ་བཀག་ནས་ཕེབས་རྒྱུ་མ་བྱུང་། བདག་པོ་ལྷ་བཙན་པ་ཡང་མཇལ་དུ་མ་བཏང་བས། ཉིན་ཅིག་གསུང་དྲག་པོས་རྒོལ་དུ་བཅུག་ནས་དེའི་སང་ཉིན་ཕེབས། པཎ་ཆེན་རིན་པོ་ཆེ་དཔོན་སློབ་དིང་རིའི་དིང་དམར་ན་བཞུགས་