R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 35a
[B:35a] བཞུགས་མཆི། ཞུ་ཡིག་གསོལ་བའི་དོན་རྗེ་ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སངས་རྒྱས་ཐམས་ཅད་དང་མཉམ་པར་བཞུགས་པ་ལས་དེའི་ཕྱོགས་ཙམ་ཞིག་བོད་ཡུལ་བ་རྣམས་ཀྱིས་ཤེས། ཁྱད་པར་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་ཀྱིས་ཐུགས་སུ་ཆུད་ནས་གུས་པས་བརྟེན་པའི་གཏམ་སྐུ་དྲུང་ན་ཡོད་པ་རྣམས་ཀྱིས་ཞུས་པ་ལ་བརྟེན། ཆོས་རྒྱལ་ཀུན་དགའ་ལེགས་པ་ཡང་ཁྱེད་ལ་ཤིན་དུ་དད་པས་སྤྱན་འདྲེན་པའི་ཕོ་ཉ་བ་སྔ་ཕྱིར་མང་དུ་མངགས། བདག་སློབ་འབངས་རྣམས་ཀྱང་ན་ནིང་ནས་ཕེབས་པར་རེ་བ་ལ། ཕོ་ཉ་བ་ཕལ་ཆེར་སྐུ་དྲུང་དུ་མ་སླེབ། སླེབ་པ་རྣམས་ཀྱིས་ཀྱང་རྐྱེན་ཅི་རིགས་ལ་བརྟེན་ནས་ད་བར་མ་ཕེབས། ཁ་སང་ནས་ནོར་བུས་དེ་ནས་ཀྱི་བཀའ་ཡིག་ལ་སྟོད་ལྷོ་བྱང་། རིན་དཔུངས། སྣེའུ་གདོང་[A:82]རྣམས་སུ་རིམ་པས་འཕྲོད། དེ་ལ་ཆོས་ཀྱི་རྗེ་རིན་པོ་ཆེ་ཁྱེད་བོད་ཀྱི་ཡུལ་དུ་ཅི་ནས་མི་ཕེབས་སུ་མི་རུང་། ངེས་པ་ཁོ་ནར་སྤྱན་འདྲེན་པའི་དོན་དུ་བདག་དཔོན་སློབ་རྣམས་ཀྱི་དད་པས་བླངས། ཆོས་རྒྱལ་ཀུན་དགའ་ལེགས་པས་ཀྱང་བཀའ་ལུང་གནང་ནས་སྟོད་ལྷོའི་བར་དུ་སླེབས་པ་ལགས། བདག་ལུས་ལྕི་བ་ཉིད་ཀྱིས་གཞོན་པ་མེད་པར་ལམ་མི་བགྲོས་པས་བལ་ཡུལ་དུ་མ་སླེབས་ནའང་བདག་གི་སློབ་མ་ནམ་མཁའ་དཔལ་འབྱོར་བསོད་ནམས་བཀྲ་ཤིས། བཀྲ་ཤིས་རྒྱལ་མཚན་རྣམས་སྔར་ནས་ཟབ་ཆོས་གནང་བའི་སློབ་མ་ལགས་ཤིང་། གུ་ཧྱ་ཨར་ཐ་བྷ་རེ་ཎ་ཞབས་དྲུང་དུ་སྤྱན་འདྲེན་པ་ལ་བཏང་བ་ལགས། དེ་ལ་ཆོས་རྒྱལ་ཀུན་དགའ་ལེགས་པ། རིན་སྤུངས་ནོར་བུ་བཟང་པོ་སྐུ་མཆེད། ལྷོ་བྱང་གི་རྒྱལ་པོ་གཉིས་དང་བཅས་པ་ཐམས་ཅད་ཀྱིས་ཐུགས་རྩེ་གཅིག་ཏུ་ཞལ་ཏའང་གནང་། ཁྱད་པར་ཤེལ་དཀར་རྒྱལ་པོས། ཆོས་རྗེ་སྤྱན་འདྲེན་པའི་དོན་ལ་སྔ་ཕྱིར་སྤྱད་དངོས་མང་དུ་བཏང་། དབུས་ནས་སླེབ་པའི་ཕོ་ཉ་བ་སྔ་ཕྱི་མང་པོའི་འཐུན་རྐྱེན་ཡང་སྦྱར། ད་ལན་ཀྱང་ཐུགས་ཁུར་ཤིན་དུ་ཆེ་བར་བསྣམས་