[B:36b] ན་ཡོད་ན་གསུང་བས། འབྲོམ་སྟོན་པས་བོད་སྟོན་རྣམས་ལ་ཇོ་བོ་རྗེ་སྤྱན་དྲོངས་ཤིག་པར་ཡི་གེ་བསྐུར་བ་ན། དང་པོའི་དགེ་སློང་ལུགས་འབྱིན་དཔོན། བཙུན་ཆེན་ཡེ་ཤེས་བློ་གྲོས་དང་ཟེར་བ་འདུག་པ་ཞུས་པས་ཅི་ཟེར་ཅི་ཟེར་ཡང་དེ་འདྲས་ཐོན་བྱུང་དེ་ཡི་གེར་བྲིས་གསུང་པ་དང་། ཁྱད་པར་ཁོང་རང་དུས་འཁོར་ལ་ཤིན་དུ་མཁས་པས་སྤྱིར་དུས་འཁོར་སྐོར་དང། ཁྱད་པར་རྗེ་བཙུན་རེད་མདའ་བའི་རྩོད་ལན་ལ་དྲི་བ་མང་དུ་མཛད་པས་དེའི་ལན་རྣམས་ཀྱང་ལྷུག་པར་གསོལ། དེ་དུས་ལྷག་པར་དགྱེས་པའི་སྟོབས་ཀྱིས་དུས་ཕྱིས་སུ་ཡང་ཁོང་རང་གི་བརྩམས་ཆོས་མང་པོ་དང་། གདན་དང་གསེར་ལ་སོགས་[A:85]རྟེན་བཅས་དང་། དྲི་བ་མང་པོ་དང་བཅས་པའི་བཀའ་ཤོག་ཡང་དང་ཡང་དུ་ཕེབས། དེ་ནས་པཎ་ཆེན་སེང་གེ་རྩར་ཕེབས་པའི་ཚེ། ཆེན་པོ་སེར་པོ་བ་ཡང་བྱོན་ནས་འབེལ་གཏམ་མང་དུ་མཛད་པས། ། ཁོང་གི་གསུང་ནས་སྒོམ་ཆེན་པ་རྣམས་སེམས་ཁ་དོག་ཏུ་གྲུབ་བམ་དབྱིབས་སུ་གྲུབ་རྩད་གཅོད་པ་འདི་ནོར་བ་ཡིན་ཟེར། འོ་ན་རྣམ་སྣང་མངོན་བྱང་ན་སེམས་ནི་ཁ་དོག་ཏུའམ། དབྱིབས་སུའམ་ཞེས་བརྟག་པར་གསུངས་འདུག་པ་གསུངས་པས། དེའི་དོན་ཁ་དོག་ཏུ་མ་གྲུབ་ཟེར་བ་ཡིན་ཟེར། སྒོམ་ཆེན་པ་རྣམས་ཀྱང་སེམས་ཁ་དོག་ཏུ་གྲུབ་ཟེར་བ་མིན་གསུངས་པས་ཁོང་ཅི་ཡང་མི་གསུང་པར་འདུག ཡང་ཁོང་ཆོས་རྗེ་ཆོས་རྒྱལ་བའི་གྲུབ་མཐའ་བཟུང་ནས། སྟོང་པ་ཉིད་ཀྱི་རྣལ་འབྱོར་འདི་རྣལ་འབྱོར་རྣམས་ཀྱི་མཆོག་ཏུ་གང་ནས་ཀྱང་མ་བཤད་གསུང་པས། ཉི་ཁྲི་ན་རྣལ་འབྱོར་དུ་བྱ་བ་ཇི་སྙེད་ཡོད་པ་རྣམས་ཀྱི་ནང་ནས་སྟོང་པ་ཉིད་ཀྱི་རྣལ་འབྱོར་འདི་རབ་དང་གཙོ་བོ་དང་མཆོག་ཏུ་བཤད་འདུག་པ་གསུངས་པས་ཡང་ཅི་ཡང་མི་གསུང་བར་བཞུགས་སོང། སེང་གེ་རྩེ་ནས་ཕེབས་པའི་ཉིན་རྟ་པ་མང་པོས་ས་སྐྱེལ་ཐུང་མཛད་པའི་ཚེ། རེད་ཕུ་བ་དཔལ་ལེགས་པ་ཞེས་བྱ་བས་གསོལ་བ་བཏབ་ནས། རྫོགས་པའི་རིམ་པ་ལྕེ་རྩེ་རྐན་སྦྱོར་