R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 38a
[B:38a] གསན་ནས་སྒྲུབ་པའི་དམ་བཅའ་ཟླ་བ་དྲུག་ཕུལ། གཞན་ཡང་ལམ་གསུམ་གྱི་དབང་། བདེ་གཤེགས་བཅུ་གཉིས་ཀྱི་དབང་། ཕྱི་སྒྲུབ་ཞལ་གཉིས་མ། ནང་སྒྲུབ་དམར་ཆུང་མ། གསང་སུབ་ཁྲོས་མ་ནག་མོ། བདུད་རྩི་བུམ་ཆུའི་དབང་[A:88]རྣམས་དང་། མགོན་པོ་ཨ་གྷོ་རའི་ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ། བདུད་སྒྲུབ་རྣམས་དང་། མགོན་པོ་གི་གུག་གི་རྗེས་གནང་གསན་ཞིང་། རྒྱུད་པ་ཕྱི་མའི་ནག་ཁྲིད་ཀྱི་ལུང་རྣམས་ཀྱང་ཤིན་དུ་ཚང་བ་ཞིག་གསན། ཉིན་ཅིག་ཆོས་རྗེ་སྨན་ཅིག་པས་ཕྱག་ན་དཔེ་འཁྱར་འདྲ་བ་ཞིག་བསྣམས་ནས་དེའི་ལུང་ཡང་གནང་། དེ་ཚར་ནས་རྒྱུད་པ་ཕྱི་མའི་སྐོར་ངེད་ལ་ཡོད་པ་རྣམས་ད་དེ་ཡི་གེ་གཅིག་ཀྱང་མ་ལུས་སོ་གསུང་། གཞན་ཡང་རྨར་ལུགས་ཀྱི་གཏོར་དབང་། ལག་ཁྲིད་བཅུ་དྲུག་གི་ཁྲིད་དང་གདམས་པ་ཤིན་དུ་མང་བ་དང་། སོ་ལུགས་ཀྱི་གཏོར་དབང་དང་དམ་པ་སྐྱེས་མཆོག་ཆེ་ཆུང་གཉིས་ལ་སོགས་པ། སྐམ་ལུགས་དང་རྒྱུད་པ་དང་པོ་དང་། ལྕེ་ལུགས། ལྗང་ལུགས། གྲ་པའི་ལུགས་ལ་སོགས་པ་ཤིན་དུ་མང་བར་གསན། དེ་རྗེས་རས་ཆུང་སྙན་རྒྱུད་ལ་སོགས་པ་མང་དུ་གསན་པར་བཞེད་ནའང་སྦྱིན་བདག་རྣམས་ཐུགས་སུན་དོགས་དང་། ཆབ་ཀྱང་ཅུང་མ་འཕྲོད་ནས་ཡར་ཀླུངས་སུ་ཕེབས། དེའི་དབྱར་སྐུ་ཆགས་ཅུང་ཟད་སྐྱེས་ནས་ན་བཟའི་དཀྱིལ་དུ་མུག་པ་སྐྱེ་བ་དང་། རྣམ་སྤྱོད་ཁང་པ་འབུས་ཁྱེར་བ་ཡང་བྱུང་། དེའི་སྟོན་མཇུག་ནས་སྐུ་མཚམས་ཤིན་དུ་དམ་པར་བསྡམས་ཏེ་ཆབ་མ་གཏོགས་རྒྱུ་འགྲུལ་གང་ཡང་མེད་པ་གནང་ནས་ཟླ་བ་དྲུག་པོའི་སྒྲུབ་པའི་དམ་བཅའ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས། སྐུ་མཚམས་གྲོལ་ཁ་ནས་ཅུང་ཟད་སྙུང་། དམ་བཅའ་ཐེམ་རྗེས་སུ་ཤིན་ཏུ་སྙུང་བ་ཡུན་རིང་བར་བྱུང་། ཐམས་ཅད་ཡིད་མི་བདེ་བ་ཆེན་པོ་སྐྱེས་ཤིང་ཇི་ལྟར་འོང་ངམ་དགོངས་པའི་ཚེ་སྐུ་རིམ་རྣམས་ཀྱང་ནར་མ་ཆད་དུ་མཛད། སྨན་པའང་མཁས་ཟེར་ཚད་བསྡུས་ཀྱང་བཅོས་ཁ་རྣམས་འཕྲོད་པར་མ་བྱུང་། སྣུམ་བཅོས་ཞུས་པ་ཙམ་གྱིས་གསེར་མ་ཇེ་མཐོར་སོང་། ཕྱག་ཤུལ་སྤོ་བ་ཙམ་ལའང་ཇུ་གལ་ཆེན་པོ་ཡོད། ཁྱད་པར་སྐུ་[A:89]གྲིབ་ཆེན་པོ་ལན་གསུམ་དུ་བྱུང་ནས་དགོངས་པ་ལའང་ད་ནི་ཞག་གསུམ་ལས་མཐོ་བ་མི་བཞུགས་པར་འདུག་དགོངས་པའི་སྐབས་སུ་མཚལ་པའི་སྨན་ནག་བཞེས་པར་དགོངས་ནས། ཅུང་ཟད་ཅིག་བཞེས་པ།