R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 40a
[B:40a] ལ་ཅུང་ཟད་མི་དགྱེས་ནས་ཤར་ཁང་སློབ་དཔོན་གྱི་གཅུང་པོ་ལ་སྦྱོར་བའི་དོ་དམ་མཛད་པས་ཉེ་གནས་འཁངས་པ་ལ། དུས་ཕྱིས་དེ་མ་ཤེས་པར་[A:93]སྣང་། ཞེ་པས་སློབ་དཔོན་གྱི་ཕྱོགས་སུ་གནོད་པ་སྐྱེལ་བར་སོང་འདུག་གསུང་ནས་ཐུགས་འགྱོད་ཆེན་པོའང་མཛད། དེ་མི་ལེགས་པ་ཞིག་བྱས་འདུག་པས་ཉེ་གནས་ལ་འབབས་པ་ཡིན་གསུང་ནས་མི་གཏང་བའི་ནུབ་མོ། སློབ་དཔོན་དང་ཉེ་གནས་གཉིས་ཀྱིས་མཁན་སློབ་བྱས་ནས་བསྙེན་རྫོགས་གནང་གི་ཡོད་པ་ལ། ཆོ་གའི་འཕྲོར་ལུས་པ་ཞིག་རྨིས་པས་དེ་ལེགས་པ་ལ་བྱ་བ་དེ་མི་འགྲུབ་པ་ཡིན་ནམ་དགོངས་པའི་ཚེ་བར་པ་དེ་ན་རེ། ཁོང་ཁ་ཧྲད་བྱེད་ཀྱིས་འདུག་པས་བཞག་བཏང་ཟེར། དེ་མ་ལེགས་དགོངས་ནས་སླར་ཡང་སྐྱར་ཏེ་བསྙེན་བཀུར་དང་འབུལ་བ་མཛད། མཁོན་སྦྱོང་བའི་གཏམ་བཏང་བ་ཡིན། དེ་རྗེས་ནི་ཁོང་ཡང་རྗེ་འདི་རྩ་བའི་བླ་མར་འཛིན་པར་བྱེད། ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་པ་གཞིས་སྐོར་ལ་ཕེབས་པའི་ཚེ་འཕན་ཡུལ་དེ་གོང་དུ་ཕེབས་པ་ན་ཐང་སག་གི་སློབ་དཔོན་ཡེ་རྒྱལ་བ་རང་གཤེགས་ཀྱང་ཁོང་གི་དབོན་པོ་གཉིས་བོས་ནས་བསྙེན་བཀུར་དང་འབུལ་བ་ལེགས་པར་མཛད། ཕྱིས་ལྗང་གི་ཕུར་བཞུགས་པའི་ཚེ་བན་མོ་རྒན་མོ་ལོངས་སྤྱོད་ཀྱིས་འབྱོར་པས་དབེན་པ་ཞིག་འདུག་པ་དེ་ནང་དུ་བོས་ནས་བསྙེན་བཀུར་བཟང་པོ་བཤམས། འབུལ་བའང་མཛད་ནས་ཁྱེད་ངའི་བླ་མའི་གདུང་རྒྱུདཡིན། བླ་མ་དམ་པ་དེ་ནི་མི་བཞུགས་ཁྱོད་ལ་མཆོད་པ་འདི་བླ་མ་ལ་མཆོད་པ་ཡིན་གསུང་། གཞན་ཡང་བླ་མའི་སྐུ་ཉེ་དང་སྐུ་འཁོར་ཚུན་ཆད་ལ་ཡང་མ་ཐའང་ཟ་མ་རེ་ཅི་འཕྲོད་མཛད། དེའི་ཡུལ་པ་ཅིག་འདུག་ནའང་ཡུལ་ཕྱོགས་དེའི་དྲི་བཤད་དང་བརྩེ་གདུང་ཆེན་པོ་གནང་། བླ་མའི་ཐུགས་དང་འགལ་བའི་མི་དང་མཇལ་ནའང་ཐབས་མཁས་ཀྱིས་ཐག་བསིང་བར་མཛད། བྱ་བ་ཐམས་ཅད་ཀྱང་བྱིན་བརླབས་ཁོ་ན་ལ་རེ་བ་ཡིན་ཞེས་གསུང་སྟེ། རྣམ་པར་དག་པའི་དམ་ཚིག་ལ་གཙོ་བོར་མཛད་པ་ཡིན་ནོ། [A:94] ༨ བསམ་པ་ལས་བྱུང་བའི་ཤེས་རབ་ཀྱི་ཀློང་ཕྱོགས་མེད་དུ་བརྡོལ་བ་ཞེས་པ་ནི། དང་པོ་ནས་ཐུགས་རབ་ཆེ་བའི་སྙན་གྲགས་ཆེན་པོ་ཐོབ་པར་གྱུར་ཚར་ནའང་། ཐང་སག་ཏུ་ཕེབས་ནས་དབུ་མ་ལ་སྦྱངས་པ་མཛད་པའི་ཚེ། ཐང་སག་པའི་སྒྲོས་འདི་ནི་བརྗེད་འགྲོ། འདི་ལ་དཔེ་ཆའང་མི་སྣང་བས་བརྗེད་གསོ་བའང་དཀའ། ད་ནི་རང་