R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 40b
[B:40b] གིས་ཤེས་དགོས་པར་འདུག་དགོངས་པ་ཤར་ནས་འཇུག་འགྲེལ་ལ་རང་ཉིད་ཀྱིས་ཐུགས་ཀྱིས་ལེགས་པར་དཔྱད་ཅིང་འབྲུ་མནན་ཞིང་ཐུགས་ཀྱིས་དཔྱོད་པ་འབའ་ཞིག་ལ་གཙོ་བོར་མཛད་པས་འཕྲལ་འཕྲལ་ལ་ཐུགས་ཀྱི་གོ་བ་མང་དུ་འཁྲུངས། དེ་བྱུང་བ་ཙམ་གྱིས་འབད་པ་ཆེན་པོ་ཡང་མཛད་པས་དབུ་མའི་གྲུབ་མཐའི་གཞི་ཐམས་ཅད་དེར་ཐིངས་པ་ཡིན། ཕྱི་ལྟར་དུ་ནི་ཐང་སག་པའི་སྒྲོས་ཀྱི་སྐྱར་ཆག་ཀྱང་ལེགས་པར་མཛད། རང་གི་ལེགས་པར་དཔྱོད་པའི་རྣམ་དཔྱོད་ཀྱི་དབུ་དེ་ནས་ཟུག་པས་ཕར་ཕྱིན་གྱི་སྐབས་བཞི་པ་ཡན་དུ་གྲུབ་མཐའ་མི་གཅིག་པ་ལྔ་བཅུ་རྩ་དྲུག་ཙམ་བྱུང་ཞེས་བྱ་བ་དང་། གཞན་ཡང་རྣམ་འགྲེལ་གྱི་བཤད་པ་མཛད་པས་སློབ་དཔོན་གྲ་རིངས་ན་རེ་ཁྱེད་ལ་ཚད་མའི་མགོ་འཇུག་ཐམས་ཅད་ལ་མི་དང་མི་གཅིག་པ་ཞིག་ཡོད་པ་འདྲ་ཟེར་བ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཤཱཀྱ་ཡེ་ཤེས་པའི་གསུང་ནས་རྩེས་ཐང་བང་སོ་ས་ལ་བཏབ་ནས་ཁྱེད་ལས་གྲུབ་མཐའ་མང་བ་མ་བྱུང་པ་འདྲ་གསུང་། མཚན་ཉིད་དང་རྒྱུད་སྡེའི་ཕྱོགས་གང་ལའང་ཐུགས་ཀྱིས་དཔྱད་པའི་གྲུབ་པའི་མཐའ་དཔག་ཏུ་མེད་པ་བཞུགས་ཏེ། རྩིས་ལ་འཁྲུལ་སེལ་ལྟ་བུ་ཅིག་གིས་མཚོན་པ་ཡིན། ཐུགས་རབ་ལེགས་པར་བྱང་ཞིང་ལས་སུ་རུང་བ་ཐོབ་ནས་གཞན་ཐུགས་རབ་ཅན་གྱི་རྣམ་པར་དཔྱོད་པ་ལས་མྱུར་བ་ཡིན། ཆོས་སྐད་རྣམས་ཀྱང་ཤིན་དུ་གཙང་བ་[A:95]ཡིན། ལུང་དང་བཅས་པ་ཡིན། རིགས་པ་དང་བཅས་པ་ཡིན། དཀའ་གནས་ཆེ་བར་བྱེད་པ་ཐམས་ཅད་ཚེགས་མེད་དུ་ཁྲོལ་བ་ཡིན་ནོ། ༩ ཡོན་ཏན་ཐམས་ཅད་ལ་གོང་ནས་གོང་དུ་འགྱུར་ལེགས་པར་ཐོན་པ་ཞེས་པ་ནི། ཐང་སག་ཏུ་མ་ཕེབས་གོང་གི་ཡོན་ཏན་ཐམས་ཅད་ཐོས་པ་གཙོ་བོར་གྱུར་པ་ཡིན། དེ་ནས་བསམ་བྱུང་གི་ཤེས་རབ་ཆེན་པོ་འཁྲུངས་ནས་ལེགས་པར་དཔྱོད་པ་ལ་ཞུགས་ནས་གཞན་ཟེར་གྱིས་རྗེས་ཟློས་མི་མཛད་པ་དེ་བྱུང་། སླར་རྩེས་ཐང་དུ་ཕེབས་ནས་དགེ་སྦྱོང་སང་ཆོས་ལ་རྗེ་རིན་པོ་ཆེའི་ལམ་རིམ་ཆུང་བ་འདུག་པ་གཡར་ནས་གཟིགས་པས་སྔར་གྱི་ཡོན་ཏན་ཐམས་ཅད་ཁ་ཕྱིར་ལྟས་སུ་སོང་། འབེན་ཕྱི་རོལ་དུ་བཙལ་བར་འདུག ད་ནི་དེས་མི་འོང་བར་ཆོས་ཐམས་ཅད་རང་རྒྱུད་དང་སྦྱར་ནས་སེ་མ་དགོས་པར་འདུག་དགོངས་པ་བྱུང་ནས་དེར་ཡང་