R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 44b
[B:44b] འཛུམ་གང་གིས་ཀྱང་མི་གནོད་པ་བྱུང་བས། མི་གཟིགས་པའི་ནག་ཐམ་གྱི་གུ་དོགས་པ་མེད་པ་ལ་སོགས་པ་མི་མཐུན་ཕྱོགས་ཞི་བར་མཛད་ལུགས་མང་དུ་མཆིས་པ་ལས། འདིར་ཕྱོགས་ཙམ་བརྗོད་པ་ཡིན་ནོ། ༡༩ སྤྱིར་སྙིགས་མའི་དུས་འདིར་སངས་རྒྱས་ཀྱིས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་དང་། བྱེ་བྲག་དུ་འགྱུར་དང་ཡིག་འཇོག་མང་དུ་གནང་བས་བསྟན་པ་གསལ་བར་མཛད་པ་ཞེས་པ་ནི། སྐུ་ན་ཕྲ་མོ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ནས་བཟུང་སྟེ། ཇི་སྲིད་འཚོ་ཞིང་བཞེས་པའི་བར་ལོ་བདུན་བཅུ་ཙམ་གྱི་བར་དུ། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་[A:105]གྱིས་དུས་འདའ་བར་མཛད་པ་ཡང་། སངས་རྒྱས་ཀྱི་བསྟན་པ་འཕེལ་རྒྱས་ཁོ་ནའི་ཆེད་དུ་ཡིན་ལ། ཕྱོགས་གང་དུ་བསྟན་པ་དར་བའི་འཆད་ཉན། བསླབ་ཚུགས། སྒོམ་གྲ་ཡོད་ཚུལ་གསན་པའི་ཚེ། གནས་དང་ཁང་ཟག་ལ་དགྱེས་སྤྲོའི་བསྟོད་བསྔགས་དུ་མ་གནང་བ་དང་། དབུས་གཙང་ཁང་ཉེའི་བསྟན་འཛིན་ཆེ་ཕྲ་མཐའ་དག་ལ་དངོས་སུ་མཇལ་བའམ། མ་འཇལ་ཡང་གསུང་ཤོག་སྙན་པ་རྟེན་བཅས་བསྐུར་ཏེ། བསྟན་པ་སྤེལ་བའི་སྤྲོ་བ་བསྐྱང་པར་མཛད་ཅིང་། ཞལ་སློབ་དགེ་བཤེས་རྣམས་ལ་རྟག་ཏུ། སངས་རྒྱས་ཀྱི་བསྟན་པ་ལོ་རེ་བཞིན་འགྲིབ་པ་ལ་སེམས་ཁྲལ་མེད་པའི་བཙུན་པ་ལ་བླ་མ་དང་སློབ་དཔོན་སོགས་མིང་ཆེན་པོ་བཏགས་པ་ཞེས་དང་། བསྟན་པ་ལ་གང་ཕན་བྱས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་གསུངས་ནས་གཟེངས་བསྟོད་དོ། མདོ་སྔགས་ཀྱི་རྒྱ་འགྲེལ་དཔེ་ཕྱི་དཀོན་པ་ལས་པོ་ཏི་མང་དུ་བཞེངས་ཏེ་ཚིག་དོན་གྱི་ཞུས་དག་ནན་ཆགས་གྲུབ་པ་དང་། བསྟན་འགྱུར་དུ་མ་ཆུག་པའི་བསྟན་བཅོས་མང་པོ་ཐུགས་རྩོལ་གྱིས་མཐུས་ཕྱག་ཏུ་བབ་པ་རྣམས། འཕྱོང་རྒྱས་སྟག་རྩེའི་བསྟན་འགྱུར་དུ་འཇུག་པ་གནང་བ་ལས་ཀྱང་མཆེད་པ་ཅི་རིགས་སུ་བྱུང་ངོ་། དགུང་ལོ་དོན་བདུན་བཞེས་པ་ཕག་ལོའི་
1467ལོ
དགུན། ཆོས་ཀྱི་རྗེ་རིན་པོ་ཆེ་ནམ་མཁའ་བློ་གྲོས་པའི་ཞལ་སྔ་ནས། ངེད་ཚོས་སྐུ་མདུན་གྱི་ཐུགས་དམ་མཆོད་རྟེན་རྩེས་ཐང་དུ་བཞུགས་པའི་ནང་ན་ཆེ་བ་ཨེ་འགྲུབ་བྱེད་པ་ཞུ་ཞེས་པ་ལ། ང་ལ་དེའི་བློ་རྒྱ་དང་ཤེས་འདོད་མེད་ནའང་། ད་ཁྱེད་ཀྱིས་ཐུགས་ཁུར་མཛད་ཕྱིན། ནས་ཁལ་བརྒྱ་དང་ཤར་ཁང་གི་གཟིམས་སྤྱིལ་འབུལ་བས་ཆ་རྐྱེན་ལ་གཏོང་བ་མཛོད། དེ་རྗེས་ཀྱང་མཆོད་རྟེན་