[B:45a] མ་གྲུབ་བར་གྱི་འབུལ་བ་གང་བྱུང་རྣམས་ཀྱང་བསྔོ་བའི་བཀའ་གནང་བ་ལྟར། ས་ཕོ་བྱི་བའི་སོས་རྨང་བཏིང་སྟེ་ཡོངས་སུ་རྫོགས་པར་[A:106]གྲུབ་བོ། སྐུ་ན་གཞོན་པའི་དུས་སུ། ཡུམ་གྱི་ནང་རྟེན་དུ་སྟོན་པ་སངས་རྒྱས་ཀྱི་གསེར་སྐུ་རྒྱབ་མཐོ་གང་བ་བཞེངས་ཤིང་། དུས་ཕྱིས་བྱང་ཁར་ཕེབས་ནས། ཆོས་ཀྱི་རྒྱལ་པོ་སྤྱན་སྔ་ཚེས་གཉིས་རིན་པོ་ཆེས་བཟོ་རིགས་པའི་ཆ་རྐྱེན་གནང་བ་དང་། ཕྱག་ཏུ་གང་ཡོད་དང་བསྒྲུབས་པའི་ཟངས་གསེར་འབུལ་བ་ལ་གཞི་སླངས་ཏེ། རྒྱལ་བ་མ་ཕམ་པའི་གསེར་སྐུ་རྒྱབ་མཐོ་ལྔ་ཙམ་ཕྲ་རྒྱན་ཅན། ཤིང་བསྐོས་ཀྱི་ཁྲི་རྒྱབ་ཡོལ་གསེར་ཆབ་ཞུས་པ་བཞེངས་ཏེ། སྟག་ལོ་ལ་རབ་ཏུ་གནས་པའང་མཛད་དོ། རྒྱ་དཔེ་ལས་གསར་དུ་བསྒྱུར་བ་གོང་དུ་ཅུང་ཟད་སྨོས་ཀྱང་། འདིར་ཕྱོགས་གཅིག་ཏུ་བགྲང་བ་ལ། ཤ་ཝ་རའི་བསྟོད་པ་པཎྜི་ཏ་ནགས་ཀྱི་རིན་ཆེན་གྱིས་མཛད་པ། ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ་པཎྜི་ཏ་མིའི་ཉི་མས་མཛད་པ། དབང་མདོར་བསྟན་གྱི་མདོར་བཤད་སློབ་དཔོན་སྰ་དྷུ་པུ་ཏྲས་མཛད་པ། དཔྱིད་ཀྱི་ཐིག་ལེའི་རྒྱ་ཆེར་བཤད་པ་གསང་བ་ཆེན་པོའི་སྒྲོན་མ་སློབ་དཔོན་ནག་པོ་པས་མཛད་པ། བདེ་མཆོག་བཅུ་གསུམ་མའི་དཀྱིལ་འཁོར་གྱི་ཆོ་ག་པཎྜི་ཏ་ནགས་ཀྱི་རིན་ཆེན་གྱིས་མཛད་པ། ཀྱེ་རྡོར་ལྷ་དགུའི་སྒྲུབ་ཐབས་ཌོམྦི་པས་མཛད་པ། ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་འགྲེལ་པ་ཁ་ཆེའི་པཎྜི་ཏ་དངུལ་གྱི་བུམ་པས་མཛད་པ། ཀྱེ་རྡོ་རྗེའི་སྒྲུབ་ཐབས་རབ་ཏུ་གསལ་བ་སྒྲ་གཅན་གསང་བས་མཛད་པ། ཀྱེ་རྡོ་རྗེའི་སྒྲུབ་ཐབས་རྣམ་པར་དག་པའི་གཏེར་པཎྜི་ཏ་གཉིས་མེད་རྡོ་རྗེས་མཛད་པ། རྡོ་རྗེ་བདུད་རྩི་གཞན་གསུམ་གྱི་མངོན་རྟོགས་རྒྱུད་ནས་པཎྜི་ཏ་ནགས་ཀྱི་རིན་ཆེན་གྱིས་ཕྱུང་བ། གཏུམ་ཆེན་དྲག་པོའི་མངོན་རྟོགས་བདེ་ཆེན་རྡོ་རྗེས་མཛད་པ། མི་གཡོ་བའི་སྒྲུབ་ཐབས་རབ་ཏུ་དགའ་བ་མངོན་པར་བརྗོད་པ་པཎྜི་ཏ་བ་ན་རཏྣས་མཛད་པ། གྲུབ་ཐོབ་བདུན་གྱིས་མཛད་པའི་སྒྲུབ་མཐའ་བདུན་པ། སྲུང་བ་ལྔ་དང་། གཟའ་དགུའི་མཆོད་ཆོག སློབ་[A:107]དཔོན་ཧམ་སའི་གསུང་ལ་ནགས་ཀྱི་རིན་ཆེན་གྱི་ཟིན་བྲིས། བླ་མ་བསྙེན་བཀུར་བའི་དཀའ་འགྲེལ་མཛད་བྱང་མེད་པ། བླ་མའི་མཎྜལ་ཀླུ་སྒྲུབ་ཀྱིས་མཛད་པ། ཏོག་ཙེ་པའི་བསམ་མི་ཁྱབ་སྟེ། སྔགས་སྐོར་ཆོས་ཚན་བཅོ་བརྒྱད་