[B:46a] པའི་དེ་ཁོ་ན་ཉིད་རིན་པོ་ཆེའི་འཕྲེང་བ་ལ་འགྱུར་བཅོས་ཞུ་གསུང་། རྒྱ་དཔེ་བོད་དཔེ་ཕྱག་ཏུ་ཕུལ་བའི་སྐུ་མདུན་གྱི་གྲལ་དེ་ཉིད་དུ་འགྱུར་བཅོས་གནང་བས། ཀུན་མཁྱེན་ངག་གི་དབང་པོའི་ཐུགས་ལ་ཡ་མཚན་འཁྲུངས་ཏེ། སྔ་གཟིགས་དང་འགོལ་བ་ལ་མ་ལྟོས་བྱུང་བས། སྐད་དོད་བྱང་ནས་ཚེགས་མེད་པར་སྣང་ཞེས་བསྔགས་པ་མཛད་དོ། ཡོས་ལོའི་དགུན་མཚན་བརྗོད་ཀྱི་འགྲེལ་པ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པའི་ཆག་འགྱུར་མི་བདེ་བ་རྣམས་ལ་འགྱུར་བཅོས། གཞན་ཡང་དེ་ཁོ་ན་ཉིད་བཅུ་པ་ལྷན་སྐྱེས་རྡོ་རྗེའི་འགྲེལ་པ་དང་བཅས་པའི་འགྱུར་བཅོས་སོགས་མང་དུམཛད་དེ། ཕྱིས་བྱུང་བའི་ལོ་ཙཱ་བ་ལ་འགྱུར་མང་ཤོས་སུ་བློ་གྲོས་དང་ལྡན་པས་ངེས་པར་བྱའོ། སྔོན་མ་འགྱུར་བའི་རྒྱ་དཔེ་འཇམ་དཔལ་གྱི་བྱ་ཀ་ར་ཎ་དང་། རྡོ་རྗེ་གཅོད་པའི་འགྲེལ་པ་སྨད་བསྒྱུར་འཕྲོ་དང་། ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་གནམ་ལྕགས་ཐོག་གཟེར་དུ་གྲགས་པ་རྣམས། སྤྱན་འགྲིབ་པའི་རྐྱེན་དང་། སྤྱན་ཕྱེ་ནས་ཀྱང་ཡི་གེ་ཕྲ་བ་མི་གཟིགས་པས། བོད་དུ་མ་འགྱུར་བའི་ཐུགས་ཁྲལ་ཡང་ཡང་གནང་བ་ལ། བདག་གིས་འགྱུར་གྱི་དོ་དམ་བྱེད་པའི་ཁས་ལེན་ཞུས་ནས། ཞ་ལུ་ལོ་ཙཱ་བས་བསྒྱུར་བས། དགོངས་[A:109]པ་ཡོངས་སུ་རྫོགས་པར་བགྱིས་སོ། སྦྲུལལོ་ལ་ཡར་ལུང་གི་བན་དེ་ཆུང་མ་ཡོད་པ་ཐམས་ཅད་དམག་ལ་འདེད་པར་བརྩམས་པ་ལ། སྣེའུ་གདོང་རྩེར་གོང་མ་དཔོན་བློན་གྱི་དྲུང་དུ། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་གཟིགས་སུ་ཕུལ་ནས། རབ་བྱུང་བསླབ་པ་འཆལ་བ་ལའང་ཁྲལ་དམག་བསྐལ་ན། ཐུགས་རྒྱུད་ལ་སྒྲིབ་པ་སོག་པས་དེ་ལྟར་མི་གནང་བ་འཐད་པའི་ཞུ་ཡིག་ཕུལ་ནས། དམག་ཡིག་ཏུ་འདེབས་པ་བཤོལ་ཐུབ་པས། བཙུན་པའི་གཟུགས་འཛིན་པ་རྣམས་ལའང་ཕན་པ་རྒྱ་ཆེར་གནང་བ་ཡིན་ནོ། མདོ་སྔགས་ཀྱི་དགོངས་འགྲེལ་གྱི་བརྩོམ་པ་མང་དུ་མཛད་པའི་རགས་པ་སྨོས་ཤིང་འཆད་པར་འགྱུར་ཡང་། ཞིབ་མོར་བཀའ་འབུམ་གྱི་དཀར་ཆག་ལས་ཤེས་པར་བྱ་སྟེ། འདིར་ཡི་གེ་མང་དོགས་ནས་མ་སྤྲོས་སོ།
༢༠ ཟབ་པ་དང་རྒྱ་ཆེ་བའི་གསུང་གི་རྒྱུན་ཐམས་ཅད་སྐྱེས་བུ་ཆེན་པོ་རྣམས་ཀྱིས་རྗེས་སུ་ཟློས་པའི་འཕྲིན་