R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 46b
[B:46b] ལས་ཕུན་སུམ་ཚོགས་པ་དང་ལྡན་པ་ཞེས་པ་ནི། སྐར་རྩིས་ལ་དུས་འཁོར་རྒྱུད་འགྲེལ་གྱི་དགོངས་པ་ཇི་ལྟ་བ་བཞིན་མ་ལོངས་ཏེ། བོད་ཀྱི་མཁས་པ་སྔ་ཕྱི་མང་པོ་ཡང་ཉུང་ངུའི་བྱེད་རྩིས་སངས་རྒྱས་པ་རང་ལུགས་སུ་འཁྲུལ་པའི་དབང་གིས་གྲུབ་མཐའི་རྩིས་ངོས་མ་ཟིན་པར། འདས་ལོའི་གྲངས་དང་ཉི་ལྡོག་མ་དག་ཅིང་བོད་ཀྱི་རྒྱལ་ཁྲིམས་ཞིག་རྗེས་ཟླ་བའི་ངོས་འཛིན་འཆུགས་པསོགས་མ་འཁྲུལ་བ་དགོངས་ནས་རྩིས་ལ་འཁྲུལ་སེལ་བརྩམས་པས། དབུས་གཙང་ཁམས་གསུམ་གྱི་བླ་མ་དགེ་བའི་བཤེས་གཉེན་དང་སྡེ་དཔོན་རྩིས་ལུགས་མཁྱེན་པ་རྣམས་དང་གྲོང་གི་རྩིས་པ་ཡན་ཆད་ཀྱིས་ཡིད་ལ་དོགས་པ་ཤར་ནས། ལ་ལས་བཞེད་པ་དེ་འགོག་པའི་ལུགས་དང་གཞན་དག་དེའི་ལུགས་འཐད་པར་བཟུང་སྟེ་གཏམ་ཆེན་པོར་གྱུར་ཞིང་། ཆོས་འབྱུང་ལོ་[A:110]རྒྱུས་སྔ་ཕྱིར་བརྩམས་པ་རྣམས་ལས། དེབ་གཏེར་སྔོན་པོ་སོགས་མཐོང་ཐོས་ཡོད་པའི་ཚོགས་ཀྱིས་དེ་ཉིད་རྗེས་སུ་ཟློས་ཤིང་གླེང་བར་བྱེད་པ་དང་། སྔགས་མཚན་ཉིད་ཀྱི་གྲུབ་མཐའ་མང་དུ་བཞག་པ་ཆེ་ལོང་ཙམ་ལ་དཔྱོད་མཁན་ཐོར་བུ་སྣང་བའང་། རྗེ་བཙུན་འདིའི་འཕྲིན་ལས་སུ་བློ་ལྡན་རྣམས་ཀྱིས་གོ་བར་བྱོས་ཤིག ༢༡ གསོལ་བ་ཇི་ལྟར་བཏབ་པ་བཞིན་ཡུན་དུ་བཞུགས་པར་བཞེད་པའི་ཐུགས་རྗེ་ཆེན་པོ་མངའ་བ་ཞེས་པ་ནི། དགུང་ལོ་བདུན་བཅུ་རྩ་དྲུག་པ་ལ་ཁུ་བོ་རྣམ་པ་གཉིས་ཀྱང་གཤེགས་པས་དེའི་སྲི་འབྱུང་ངམ་དགོངས་ནས་ཁྱི་ལོའི་དགུན་རྩེས་ཐང་དུ་ཕེབས་ཏེ་བཞུགས་པས། ཕག་ལོ་ལ་སྐུ་ཁམས་ཤིན་དུ་སྙུང་བར་བྱུང་བས་སྤོང་དག་གནང་ནས། ཐུགས་ཀྱི་འདུན་པ་མ་དོར་བས་སྐུ་ཚེ་ཡུན་རིང་དུ་བསྲིང་ཐུབ ཅིང་། དགུང་ལོ་བརྒྱད་བཅུ་གྱ་གསུམ་བཞེས་པ་ཤིང་ཕོ་རྟའི་
1474ལོ
ཟླ་བ་བརྒྱད་པ་ལ་ཆོས་རྫོང་དུ་ཕྱགས་ཕབ། ཟླ་བ་དགུ་པའི་ཚེས་བཅུ་བདུན་ཙ་ན་སྐུ་གྲིབ་ཀྱིས་རྐྱེན་བྱས་ནས་སྐུ་ཁམས་ཤིན་དུ་སྙུང་། ཆབ་རྣམས་ཀྱང་དུ་བའི་ཁ་དོག་ཏུ་འབྱིན་ཞིང་ཉིན་མཚན་གྱི་བྱེ་བྲག་ཀྱང་དགོངས་པར་དཀའ་བ་སྙམ་བྱེད་པའི་སྐབས་སུ། སྐུ་རིམ་མང་དུ་བྱས་ནའང་སྙུང་བ་ལ། ནུབ་ཅིག་ཁང་པ་གཅིག་གི་ནང་ན་བཙུན་པ་མང་དུ་འདུས་ནས་འདུག་པ་རྣམས་ཀྱི་ཁྲོད་ནས་གཅིག་ན་རེ། འདིར་དགྲ་བཅོམ་པ་མང་པོས་ཀྱང་སྔར་འགོག་པ་ལ་ཞུགས་པ་ཡིན།