[B:45b] དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཉི་ཤུ་རྩ་ལྔ་པ་ཁ་ཆེའི་པཎྜི་ཏ་བི་ན་ཡ་ཤྲཱིས་བྲིས་པའི་རྒྱ་དཔེ་ལས་བསྒྱུར་བ། རྡོ་རྗེ་གཅོད་པའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་སྟོད་ཀྱི་ཆ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་དཔལ་ལྡན་ཀླུ་སྒྲུབ་ཀྱིས་མཛད་པ། གསོ་སྦྱོང་སྡོམ་ཆོག་ཅེས་བྱ་བ་བསྙེན་གནས་འབོགས་པ། དགེ་བསྙེན་གྱི་བསླབ་པ་བཅུའི་ཆོ་ག་དག་ཀྱང་ཀླུ་སྒྲུབ་ཀྱིས་གསུངས་པ། ཡེ་དྷརྨའི་འགྲེལ་པ་བརྟག་པའི་རྡོ་རྗེས་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགས་སུ་བཅད་པ་དགུ་པ། ཆོས་མངོན་པའི་དེ་ཁོ་ན་ཉིད་བཤད་པ་སློབ་དཔོན་བློ་གྲོས་བརྟན་པས་མཛད་པའི་དབུའི་འགྱུར། བསྟན་པའི་གཏད་རབས་རྣམས་ལ་སྔར་འགྱུར་བའང་ཡོད་མོད་ཀྱི། དེ་ལ་མ་བརྟེན་པར་བསྒྱུར་བར་མཛད་དོ། མཚན་ཉིད་དང་སྔགས་སྐོར་གྱི་འགྱུར་བཅོས་ལ་སོགས་པ་གནང་བ་ནི། ཆོས་ཀྱི་དབྱིངས་སུ་བསྟོད་པ་ཚིགས་སུ་བཅད་པ་བརྒྱ་དང་ཤོ་ལོ་ཀ་གཉིས་ཡོད་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་ནག་ཚོས་བསྒྱུར་བའི་འགྱུར་བཅོས། དབུ་མ་སྣང་བ། འགྲེལ་པ་རྟོག་གེ་འབར་བ་དང་སྦྱར་བའི་ཞུ་ཆེན། ཆུ་མོ་ཕག་གི་ལོའི་དབྱར་སྐྱམ་མཆད་པ་སྟེངས་སུ་སྐུ་མཚམས་བསྡམས་ནས། གསང་འདུས་ཀྱི་རྒྱུད་ཀྱི་རྒྱ་དཔེར་གཅིག འགྲེལ་པ་སྒྲོན་གསལ་གྱི་རྒྱ་དཔེ་གསུམ། ལོ་ཆེན་འགོས་པ་ཚབ་ཆག་གི་འགྱུར་བཞི་ལ་ནམ་ལངས་ས་སྲོས་ཀྱི་བར་གཟིགས་ཤིང་ཚིག་དོན་ལ་དཔྱད་པ་དཔྱིས་ཕྱིན་པའི་ཞུ་ཆེན་མཛད་པས། [A:108]རྒྱུན་རིང་བའི་སྟོབས་ཀྱིས་བཞུགས་སྟོན་འོག་ཏུ་རླན་འཁྱིལ་བའང་བྱུང་སྟེ། མདོར་ན་འགྲེལ་པ་སྒྲོན་གསལ་ལ་འགྱུར་བཅོས་རྣམ་པར་དག་པ་དང་། བདག་བྱིན་གྱིས་བརླབ་པའི་རབ་ཏུ་དབྱེ་བ་སློབ་དཔོན་འཕགས་པ་ལྷས་མཛད་པ་ནག་ཚོས་བསྒྱུར་བའི་འགྱུར་བཅོས་གནང་། སྦྲུལ་ལོའི་དགུན་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཀྱི་ཚིག་འགྲེལ་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་སྐད་གསར་ཆད་ཀྱིས་གཏན་ལ་མ་ཕབ་པས་ཚིག་གྱོང་ཞིང་གོ་དཀའ་བ་ལ་སྐད་གསར་ཆད་ཀྱིས་གཏན་ལ་ཕབ། སྟག་ལུང་གི་སྡེ་ཆེན་པོར་བཞུགས་དུས། མེ་ཏྲི་པས་མཛད་