R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 47a
[B:47a] ད་ལན་ཁྱེད་རང་ཡང་འགོག་པ་ལ་སྙོམས་པར་ཞུགས་དགོས་པ་ཡིན་ཟེར་བ་དང་། ངས་འགོག་པ་ལ་སྙོམས་པར་ཞུགས་པ་ག་ན་ནུས། དེ་ལ་འགོག་སྙོམས་ཐོབ་དགོས་པ་ཡིན། ངས་འགོག་སྙོམས་ནི་མ་ཐོབ་གསུངས་པས། ཕ་ཟད་དེ་ན་ཆུ་ཅིག་འདུག་པ་དེ་བསྟན་ནས་འདི་ལ་མཆོངས་ནས་འཆི་བ་ཡིན་མོད་[A:111]ཟེར། དེ་ནས་ཆུ་ལའང་མ་མཆོངས་པར་བཞུགས་པས་གཞན་ཅིག་ན་རེ། ད་ལན་འཆི་མི་དགོས་འཆི་རྫུ་གཅིག་བྱས་པས་ཆོག་ཟེར་བ་ཞིག་བྱུང་། ལར་བབས་ལྕི་བར་འདུག་གསུངས། དེ་ནས་དེ་མ་ཐག་སྐུ་ཁམས་དྭངས་སོ། བརྒྱད་བཅུ་རྩ་ལྔ་པ་མེ་ཕོ་སྤྲེའུའི་ལོ་
1476ལོ
གསར་རྗེས་ནུབ་ཅིག་རྨི་ལམ་དུ་གླང་པོ་ཆེ་ཆེན་པོ་ཁ་དོག་དཀར་པོ་མཛེས་ཤིང་ཤུགས་དང་ལྡན་པ་ཞིག་གི་སྒལ་པའི་སྟེང་དུ་སྐྱིལ་དཀྲུང་མཛད་ནས་བཞུགས་ཏེ། རྩིག་ཟུར་མང་དུ་ཡོད་པའི་སྲང་ཞིག་ན་ཕར་ཕེབས་པས་ལམ་དེའི་འཁྱོག་འཚམས་དང་རྩིག་ཟུར་སོགས་མང་དུ་འདུག་ནའང་གླང་པོ་ཆེ་འདིས་འཕྲལ་དུ་སྣས་བཤིག་ཅིང་ཕྱིན་པས་བདེ་བར་འདུག་དགོངས་ཏེ། མྱུར་བར་གཤེགས་ཤིང་ཡོད་པ། དེའི་སྔོན་ལ་ཁྱོད་འདུག ཁྱོད་ཀྱིས་ལམ་སྣ་བྱས་ནས་ངེད་རང་གཉིས་མཁའ་སྤྱོད་དུ་འགྲོ་བ་ཡིན་ཟེར་ཞིང་། དེ་ནས་སྲངས་དེ་ཐོན་པ་དང་ཁྱོད་ཀྱང་མེད། གླང་པོ་ཆེ་དེའང་མེད་པས་གཅིག་པུར་འདུག་ནས་ནམ་མཁའ་ལ་འཕུར་ཕྱིན་པས་ནགས་ཚལ་དང་རྩི་ཤིང་མང་དུ་སྐྱེས་པ་དང་། ཞིང་མིན་པ་ལ་ཞིང་འདྲ་བའི་སའི་རིགས་མང་པོ་ཡོད་པ་དང་། རྩྭ་སྔོ་སིང་བ་སྐྱེས་པ་ལ་སོགས་པའི་ཡུལ་མང་པོ་བཅད་ནས་ཕྱིན་པས། བན་དེ་རང་ག་བ་ཞིག་བྱུང་ནས་དེས་ང་མཁའ་སྤྱོད་དུ་འགྲོར་མི་སྟེར་བ་འདྲ་སྙམ་དུ་དོགས་པའི་མོད་ལ་གཉིད་སད་པ་ཅིག་བྱུང་། འཆི་ལྟས་མིན་ན་བཟང་ལ་ཆེ་ཞེས་སློབ་དཔོན་སྨོན་ལམ་གྲགས་པ་ལ་གསུངས། བདག་གིས་ལོ་བརྒྱའི་བར་དུ་བཞུགས་པར་གསོལ་བ་བཏབ་པའི་དུས་སུ། ལོ་གྲངསདེ་ག་ཙམ་ཁས་ལོངས་དཀའ་ཡང་། ལོ་འགའ་ཞིག་གི་བར་དུ་ཆོས་གསན་པའི་བཞེད་པ་སྒྲུབ་པར་བྱེད་ཅེས་ཞལ་གྱིས་བཞེས་པ་ལྟར། དགུང་ལོ་དགུ་བཅུའི་བར་དུ་བཞུགས་ནས།