R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 47b
[B:47b] ཁོ་བོའི་འདོད་ཆོས་རགས་པ་གྲུབ་པར་མཛད་དོ། [A:112] ༢༢ མནལ་ལམ་གྱི་འཇུག་པ་ཡང་སྒྱུ་མའི་རྣམ་འཕྲུལ་ལྟར་སྤྱོད་ནུས་པ་ཞེས་པ་ནི། སྐུ་ན་ ཤིན་དུ་གཞོན་པའི་དུས་སྤྱན་གཡས་ཀྱི་གཟིམས་སྤྱིལ་ན་ཁུ་བོ་སློབ་དཔོན་པའི་སྤྱན་སྔར་བཞུགས་པའི་ནུབ་ཅིག་གི་རྨི་ལམ་དུ་ཕོ་བྲང་ཞེས་བྱ་བའི་སྤྱིལ་པོ་དེའི་ནང་ན་ཡར་ཕེབས་པས་དེའི་གུང་དེ་ན། རྗེ་བཙུན་མར་པ་ལོ་ཙཱ་བ་སྐུ་ཉམས་དང་ལྡན་པ། དབུ་སྐྲ་ལྕང་ལོ་ཅན། ན་བཟའ་དམར་པོ། སྐ་རགས་རྒྱ་མ་བཅིངས་པ། སྐུ་ཕྱམ་དཀར་པོ་བཞེས་པ། དགྱེས་པའི་འཛུམ་མདངས་དང་ལྡན་པ་ཞིག་གྲུམ་ཟེ་སྔོན་པོ་ཁ་དོག་མ་ཉམས་པ་ཞིག་གི་སྟེང་ན་བཞུགས་འདུག་པས། ཐུགས་ཀྱི་དད་པའི་སྟོབས་རབ་ཏུ་རྒྱས་ཏེ་སྤྱན་ཆབ་ཀྱི་རྒྱུན་གྱིས་ཞལ་གྱིས་དཀྱིལ་ འཁོར་ཁེབས་བཞིན་པས་ཕྱག་དུ་མ་བཙལ་ཞིང་། རྗེས་སུ་བཟུང་བར་གསོལ་བ་མང་དུ་བཏབ་པའི་ཚེ། ཕྱག་གིས་སྤྱི་བོར་དབང་བསྐུར། དེ་ནས་དབང་བཞི་པའི་དོན་ལ་དྲིས་པས་འདིའོ་ཞེས་ཡང་དག་པར་གསུངས་པ་ཐུགས་སུ་བྱོན་ནས་ཐུགས་ཉམས་འུར་ཏེ་གསུང་གི་ཉམས་ཀྱང་མང་དུ་བཏོན། སྐུའི་རྣམ་པར་འགྱུར་བའང་དུ་མ་ཞིག་བསྐྱངས་པས་སློབ་དཔོན་པའི་དགོངས་པ་ལ། འདི་ལ་གདོན་གྱི་གནོད་པ་ཞིག་བྱུང་ངམ་དགོངས་ཏེ། དགེ་བཤེས་པ་ཁྱེད་ལ་ཅི་བྱུང་བ་ཡིན། ད་ལྟ་བར་ཨག་ཨུག་མང་གསུང་བས་མནལ་སད་པར་གྱུར་ཏོ། ཡང་རེ་ཞིག་དགེ་མོར་བཞུགས་དུས་མནལ་ལམ་དུ། ཆོས་རྗེ་མཁའ་སྤྱོད་དབང་པོ་སྐུ་བོང་ཆེ་རྒྱུ་མེད་པ། ན་བཟའ་ངུར་སྨྲིག་མནབས་ཤིང་ཕྱི་ན་སྲབ་མོའི་སྐུ་ཕྱམ་བཞེས་པ། དབུ་སྐྲ་སྤྱི་ཐེར་དུ་ཡོད་པ་ཞིག་དང་མཇལ་བ་ན་རབ་ཏུ་དད་པའི་སྟོབས་ཀྱིས་དྲི་བ་མང་དུ་མཛད། ཁྱད་པར་ཆོས་ཀྱི་རྒྱལ་པོ་གྲགས་པ་འབྱུང་གནས་དེ་གང་ན་འཁྲུངས་ཞུས་པས། ལྡོག་སྤེན་རིས་ཀྱི་དགྲ་[A:113]བཅོམ་པ་བློ་གྲོས་རིན་ཆེན་གྱི་དགོན་པའི་ཞོལ་ན་འཁྲུངས་ཡོད་གསུང་། སྐུ་སྐྱེ་དེ་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཆར་བར་འདུག་གམ་ཞུས་པས། ལུས་ལ་དེའི་རྩ་མ་ཆགས་པར་སྣང་། ད་དེ་སྐྱེ་བ་གསུམ་ན་རྟོགས་པ་འཆར་བར་འགྱུར་གསུང་། ཕྱིས་སུ་སོང་དུས་ཆོས་རྗེ་མཁའ་སྤྱོད་དབང་པོ་སྐུ་ན་གཞོན་པའི་དུས་སུ་ཡུམ་གྱི་གོ་མ་ཆོད་པར་དབུ་ལ་མེའི་གནོད་པ་བྱུང་ནས་དབུ་སྐྲ་བཟང་པོ་མེད་ཅིང་།