R908: དེབ་ཐེར་སྔོན་པོ།

  • Pagination (Witness A): 1025
[A:1025]རྩ་བཞི་ལ་གྲི་བུ་གདོང་པ་ཆུ་བོ་རིར་སྒྲུབ་པ་ལ་བྱོན་པ་དང་མཇལ་ནས་ཞབས་ལ་གཏུགས། རྒྱ་སྨྱོན་གྱིས་བཀའ་བརྒྱུད་གསུངས། མ་མོ་མཁའ་འགྲོ་གསུམ་སྨྱོན་གྱིས་ངོ་སྤྲད་པས་རྟོགས་པ་དང་ཉམས་ཐ་མི་དད་པ་རྒྱུད་ལ་སྐྱེས། མཚན་སྨྱོན་པ་དོན་ལྡན་དུ་ཐོགས། དེས་རི་ཁྲོད་པ་ལ་གསུངས་སོ། ། ཡང་ཁུ་སྒོམ་ཇོ་དགས་ཀླུ་མདའ་ཚེ་ལུང་དུ་བཞུགས་ནས་གདུལ་བྱ་མང་དུ་བསྐྱངས། དེས་སྟོད་ལུངས་ཞོང་པ་སྟེང་གི་རྒྱལ་བ་དཀོན་མཆོག་སྐྱབས་ལ་གསུངས། དེས་རོག་ཤེས་རབ་འོད་ལ་གསུངས། ཤེས་རབ་འོད་ཀྱིས་ཕྱག་རྒྱ་ཆེན་པོའི་རྟོགས་པ་དེར་ཤར། ཡང་ཞང་བཙུན་རྒྱལ་བ་བཀྲ་ཤིས་ཀྱིས་འཆུས་པ་དར་བརྩོན་ལ་བཤད། དེས་འཆུས་པ་བརྩོན་སེང་ལ་བཤད། དེས་རོག་ཤེས་རབ་འོད་ལ་གསུངས་སོ། །དེ་ལ་རྨའི་ཆོས་སྐོར་ནི་ཆིག་བརྒྱུད་དང་དོན་བརྒྱུད་གཉིས་ལས། དོན་ཁྲིད་ནི་ལག་ཁྲིད་བཅུ་དྲུག ཆིག་བརྒྱུད་ནི་སེམས་བསྐྱེད་དང་སྟོང་ཐུན་དང་ཁ་འཐོར་དང་ཁར་ཕོག་སྣར་ཕོག་དང་མཐར་རྒྱས་རྣམས་སོ། །རྨ་ལུགས་ཀྱི་སྐབས་སོ། །
སོ་ལུགས་ཀྱི་སྐབས། སོ་ལུགས་ནི། ཡུལ་ར་མོ་བ། དེར་ལོ་ཉེས་བྱུང་ནས་གཟའ་མི་རྣམས་སྤྲང་དུ་འོངས། བུ་སྤུན་གཉིས་ཡོད་པ་ལ་ཕོ་བོ་གཟུགས་ཆུང་བས་