[A:97]དུ་མ་ཚང་འདུག་ཀྱང་། ལར་བོད་ཡུལ་ཁ་བ་ཅན་འདི་སྲིན་མོ་གན་རྐྱལ་དུ་ཉལ་བ་དང་འདྲ། འོ་ཐང་གི་མཚོ་འདི་སྲིན་མོའི་སྙིང་ཁྲག་ཏུ་འདུག་པ་འདི་གནོན་དགོས། དེ་ལའང་། དང་པོ་རུ་བཞིའི་ལྷ་ཁང་བརྩིག་དགོས་ཟེར་ནས། དཔུང་མགོ་གཡས་པ་ལ་ཀ་ཚལ། གཡོན་པ་ལ་ཁྲ་འབྲུག བརླ་གཡས་པ་ལ་གཙང་འགྲམ། གཡོན་པ་ལ་གྲོམ་པ་རྒྱང་བརྩིགས་སོ། །ཡང་སྲིན་མོའི་ཡན་ལག་བཞི་གནོན་པའི་ཕྱིར། མཐའ་འདུལ་གྱི་གཙུག་ལག་ཁང་བཞི་ནི། གྲུ་མོ་གཡས་པ་ལ་ཀོང་པོ་བུ་ཆུ། གཡོན་པ་ལ་ལྷོ་བྲག་མཁོ་མཐིང་། དཔུས་མོ་གཡས་པ་ལ་ཀ་བྲག གཡོན་པ་ལ་པྲ་དུམ་རྩེ་བ་བརྩིགས། སྲིན་མོའི་ཉིང་ལག་བཞི་གནོན་པའི་ཕྱིར་ཡང་འདུལ་གྱི་གཙུག་ལག་ཁང་བཞི་ནི། ལག་མཐིལ་གཡས་པ་ལ། བྱང་མཚལ་གྱི་རླུང་གནོན། གཡོན་པ་ལ་ཁམས་སུ་ཀློང་ཐང་སྒྲོན་མ། རྐང་འགོ་གཡས་པ་ལ་བྱམས་སྤྲིན། གཡོན་པ་ལ་མོན་བུམ་ཐང་སྐྱེར་ཆུ་རྣམས་བཞེངས། དེར་རྟིང་ར་སའི་རྨང་གཏིང་ཡང་ཞིག་ནས་རྩིག་ཏུ་མ་བཏུབ་པ་ལ་རྒྱལ་པོས། ཙན་དན་གྱི་ལྷ་ལ་གསོལ་བ་བཏབ་པས། སྔོན་ལ་ལྷོ་ཕྱོགས་སུ་ཕོ་བྲང་བརྩིགས་ལ། དེར་མཆོད་པའི་རྟེན་ངོ་མཚར་ཅན་རྣམས་སྤྱན་དྲོངས་ཤིག དེ་ནས་རིམ་གྱི་འདོད་པ་འགྲུབ་པར་འགྱུར་རོ་ཟེར་བ་བྱུང་ནས། བལ་བཟའ་ལ་བཀའ་བསྒོས་ནས། ལྷོ་ཕྱོགས་ངོས་སུ་ཕོ་བྲང་བརྩིགས། མཆོད་པའི་རྟེན་རྣམས་སྤྱན་དྲངས། རྒྱལ་པོ་ཡང་ཕེབས་ནས། སྔོན་ལ་ལྷ་ཁང་བཞེངས། དེར་རྟིང་ཡི་དམ་གྱི་ལྷ་ཞིག་ཀྱང་བཞེངས་པར་དགོངས་ཏེ། བལ་པོའི་ལྷ་བཟོ་བ་ལ་བཀའ་གནང་སྟེ། ལྷའི་རྒྱུ་ཁྱད་པར་ཅན་དང་། ལག་ཆ་རྣམས་རྒྱལ་པོའི་སྤྱན་སྔར་བསགས། སང་ཉིན་ནས་ལྷ་བཞེངས་བརྩིས་ལ། དེ་ནུབ་ཕོ་བྲང་གི་མཐོང་ཁུང་ན་མར། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་