R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 96
[A:96]རེ་ན་སྒོ་དཔེ་བཞི་སྲུང་མི་ཡོད་པ། རྩེ་མཁར་ལ་བྱ་ར་བ་མི་ལྔ་རེ་རྒྱུན་དུ་ཡོད་པ། དེའི་ལྷོ་ངོས་ལྕགས་རིའི་ནང་ན། ཕོ་བྲང་སོག་པོ་མཁར་བྱ་བ་དགུ་ཐོག་དང་། རྒྱལ་པོའི་རྩེ་མཁར་མཉམ་པ། དེ་གཉིས་ལྕགས་ཐག་གིས་སྦྲེལ་ནས། དངུལ་ཟམ་ལ་རྒྱུ་བ། མཁར་དང་ལྕགས་རི་རྣམས་ལ་མདའ་ཡབ་དང་། སྒོ་ཆུང་དང་། རྔ་ཡབ་དང་། ཕ་གུ་དང་། ཁ་བད་དང་། རྟ་བབས་རིན་པོ་ཆེའི་དྲིལ་བུ་ཨེར་ཁ། མུ་ཏིག་གི་དྲ་བ་དྲ་ཕྱེད་རྣམས་ཀྱི་བརྒྱན་པ། ཕ་རོལ་གྱི་དཔུང་གིས་མི་ཚུགས་པ་ཞིག་བཞེངས་སོ། །དེར་རྟིང་ཡང་བློན་པོ་མགར་དང་། ཐོན་མིས་འགོ་བྱས། རྟ་པ་བརྒྱ་ལ་གསེར་གྱི་དོང་རྩེ་བརྒྱ། གསེར་ཕྱེ་བྲེ་ཕྱེད། རིན་པོ་ཆེའི་གོས་གཅིག་རྣམས་བསྐུར་ནས། ཤར་རྒྱ་ནག་པོའི་ལྷ་གཅིག་སློང་བ་ལ་བརྫངས་སོ། ཁོང་རྣམས་ཀྱི་རྒྱའི་བཀྲ་ཤིས་ཁྲི་སྒོར་སླེབས། ཐང་ཐའི་ཛུང་རྒྱལ་པོར་ཞུས་པས། དེའི་སྲས་རྒྱ་མོ་ཀོང་ཇོ་རྫོངས་བ་བསམ་གྱིས་མི་ཁྱབ་པ། ཡི་དམ་གྱི་ལྷ་ཤཱཀྱ་ཐུབ་པ། གབ་རྩེ་དྲུག་ཅུ་སྐོར། བཟོ་སྣ་བཅོ་བརྒྱད། སྨན་དཔྱད་ཆེན་མོ། འབྲུ་སྣ་ཚང་། གཡོག་ཕོ་མོ་མང་པོ་དང་བཅས་པ་གནང་བོད་དུ་ཕེབས། ལྷ་སའི་མཐིལ་བྱེ་མའི་གླིང་ནགས་གསེབ། ཆུ་མིག་གི་འགྲམ་དུ། ལྷའི་ཤིང་རྟ་བྱིངས་ནས། གྱད་ལྷ་དགའ་ཀླུ་དགས་བཏེགས་ཀྱང་མ་ཐེགས་པ། ཇོ་བོ་དེ་ཁར་བཞུགས་པ་ཡིན། ས་དགྲ་མནན་པ་ལ་དགོངས་པའོ། །སྐུ་སྲུང་ལ་གྱད་གཉིས་བཞག གོས་དར་གྱི་བླ་ཡོལ་གྱི་སྤྱད་དོ། །དེར་ཀོང་ཇོ་རྒྱལ་པོ་དང་མཇལ། ཡབ་ཡུམ་གསུམ་བློན་འབངས་དང་བཅས་པ་དགའ་མགུར་སྤྱོད་དོ། །དེ་ནས་རྒྱལ་པོའི་ཐུགས་ལ། ལྷ་རྟེན་གསུང་རབ་འདི་རྣམས་བཞུགས་པའི་གཙུག་ལག་ཁང་ཞིག་བཞེངས་དགོས་དགོངས་ནས། ཀོང་ཇོ་ལ་རྩིས་བྱས་པས། ཡུལ་དེ་ན་བཀྲ་ཤིས་པའི་རྟགས་བརྒྱད་ལ་སོགས་པའི་དགེ་