R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 100
[A:100]སེལ་ཐབས། རྒྱ་དཀར་ནག་གི་རྩིས་ཀྱང་རྒྱས་པར་སྤེལ་ནས། རྒྱལ་ཁམས་ལ་ཕན་གདགས་དགོས་སྙམ་པ་འཁྲུངས་ཏེ། བོད་ཕྲུག་བློ་གསལ་བ། འབྲེ་གཉའ་བརྟན་བྱ་བ་དང་། ལང་ཚོ་ལྡོང་ལེགས། བྱ་གག་སྟོང་ཀུན། འདར་མི་སྟག་ཁ་དང་བཞི་པོ་ལ་ཆ་རྐྱེན་མང་དུ་བསྐུར་ནས། རྒྱ་ནག་ལ་རྩིས་སློབ་ཏུ་བཏང་། རྒྱའི་རྩིས་པ་ཁྲི་མ་ཧཱ་ཡ་ན་ལ་སོགས་ལ། ལོ་གཅིག་ཟླ་བ་བདུན་གྱི་བར་དུ་གཏུགས། གསོན་གཤིན་གྱི་རྩིས་ཕལ་ཆེ་བ་ཤེས་པར་བྱས་ནས། ཡར་སླེབས་པས། རྩིས་ལ་མཁས་པ་མི་བཞིར་གྲགས་པ་བྱུང་ཅིང་། ཁྱད་པར་བྱ་གག་སྟོང་ཁུན་ནས། ཕ་ཚེ་བུ་རབས་སུ་རྗེའི་བླ་རྩིས་བྱས་པའི་རིགས་རྒྱུད་ནི། ད་ལྟ་ག་རིངས་པ་ཚང་ཡིན་པར་བྱེད་དོ། །དེ་ནས་བོད་རྒྱལ་པོ་བློན་པོ་བཅུ་དྲུག་དང་བཅས་ནས། རྒྱ་ནག་རི་བོ་རྩེ་ལྔར་བྱོན་ནས། རྒྱའི་སོ་ཁ་འབུལ་བ་དང་། ཀོང་ཇོའི་ལན་དུས་ཀྱི་ཁས་བླང་ཆད་བཙན་པར་བྱ་བའི་ཕྱིར། ལྷ་ཁང་མང་པོ་བཞེངས། ལོ་བཅུ་གསུམ་གྱི་རིང་ལ།རྒྱ་བོད་དུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ཚར་བའི་རྟིང་མ་ལ། རབ་སྒང་དུ་ཡོངས་རྫོགས་ལྷ་ཁང་བྱ་བ་བཞེངས་སོ། །བཀའ་ཁོལ་མར་ཆོས་རྒྱལ་འདིའི་རིང་ལ། རྒྱ་གར་ནས་སློབ་དཔོན་ཀུ་མཱ་ར་དང་། བྲམ་ཟེ་ཤང་ཀ་ར། བལ་པོའི་སློབ་དཔོན་ཤི་ལ་མཉྫུ། རྒྱ་ནག་གི་སློབ་དཔོན་ཧ་ཤང་མ་ཧཱ་ཡ་ན་ལ་སོགས་པ་སྤྱན་དྲངས། སྡེ་སྣོད་གསུམ་དང་། རྒྱུད་ཀྱི་ཆ་ལག་མང་རབ་བསྒྱུར་ཅིང་། རྒྱལ་པོ་རང་གི་ཞལ་ནས། ཐུགས་རྗེ་ཆེན་པོའི་ཆོས་སྐོར་མ་བུ་བརྒྱ་རྩ་བརྒྱད་གསུང་། ལྷ་སའི་བྱང་ཆུབ་གླིང་གི་རྟ་མགྲིན་ཞབས་འོག་ན་གཏེར་དུ་སྦས་ཡོད་བྱ་བ་དང་། ཞང་ཞུང་གི་ཡུལ་ནས། བོན་པོའི་གྲུབ་ཐོབ་ཞང་ཞུང་ལྷ་ལྡེམ་བྱ་བ་བོས་ནས། བོད་མི་ཨ་ཧོ་རྣམས་བསགས། བྱ་བ་བོན་སློབ་ཏུ་བཅུག་ནས། ནད་པའི་རིམ་འགྲོ་སོགས་ལ་