[A:101]བོན་ཡང་དར་བར་མཛད་དོ། །ཟེར་བ་འདུག མདོར་ན་བོད་འབངས་རྣམས་ལུང་གི་ཆོས་ལ་ཡིད་ཆེས་པར་བྱ་བའི་ཕྱིར། ཁྲོ་བོ་དཀྱིལ་དུ་ནད་པ་དང་། སྨན་པ་དང་། མོ་མ་རྣམས་དང་། བོན་བོས་ཤྭ་བ་ནམ་མཁའ་ལ་འགྲོ་ཤེས་པ་སྤྲུལ་ནས། ནད་བརྟག་པ་དང་། དེ་ལ་ཁྲོམ་རྣམས་ངོ་མཚར་སྐྱེས་པས། ད་ལྟར་གྱི་ནད་པ་འདི་འདྲ་རྣམས་ལས། ཆེས་ན་བའི་ངན་སོང་གསུམ་དང་། འཁོར་བའི་སྡུག་བསྔལ་བརྗོད་པས་ཡིད་མ་ཆེས། སྤྲེའུའི་གྱད་ཧ་ནུ་མན་ཐའི་སྒྲུང་བཤད་ནས་བོད་ཀྱི་རིགས་རྒྱུད་དང་། ལས་ཀྱི་འབྲས་བུ་སངས་རྒྱས་ཀྱི་གསུངས་པ་མདོ་སྡེ་དང་སྦྱར་བས་ཡིད་ཆེས། བསླབ་པ་གསུམ་ལ་འགོད་པའི་ཕྱིར། བོན་བྱས་ནད་པ་གསོ་ལས་ཕན་ཆེ་བའི་བསླབ་པ་གསུམ་གྱི་ཡོན་ཏན་སངས་རྒྱས་ཀྱི་རྒྱ་གར་དུ་མཛད་པ་བཅུ་གཉིས་མཛད་པའི་དོད་པོར། རྒྱལ་པོས་ར་སའི་གཙུག་ལག་ཁང་དང་། མཛད་པ་བཅུ་གཉིས་བསྟན་པའི་ལོ་རྒྱུས་ཡོད་ཅིང་། ཁྲོ་བོ་སྨེ་བརྩེགས་ཀྱི་རྒྱབ་ན་མཆོད་རྟེན་བརྒྱད་པོ་བྱ་བ་ཡོད་དོ། ། དེ་ལྟ་བུའི་ཆོས་རྒྱལ་ཆེན་པོ་འདི་ནི། འཕགས་པ་ཐུགས་རྗེ་ཆེན་པོ་དངོས་ཡིན་པར་གྲགས་ཞིང་། སངས་རྒྱས་ཀྱི་བསྟན་པའི་སྲོལ་ལེགས་པོ་གཏོད་ནས། དགུང་ལོ་བརྒྱད་ཅུ་རྩ་གཉིས་བཞེས་པ་ས་ཕོ་ཁྱི་ལོ་ཤར་བའི་སྟོད་ལ། སྤྱི་དགོས་སུ་ཞལ་གདམས་མང་དུ་གསུངས་ཞིང་། དེར་རྟིང་རྒྱལ་པོ་དང་། བལ་བཟའ་ཁྲི་བཙུན། རྒྱ་བཟའ་ཀོང་ཇོ་ཡབ་ཡུམ་གསུམ་གར་འཕྲུལ་སྣང་གི་གཙུག་ལག་ཁང་བྱང་མར། རང་བྱོན་བཅུ་གཅིག་ཞལ་གྱི་ཐུགས་ཁར་ཐིམས་སོ། །རྒྱས་པར་བཀའ་ཆེམས་བཀའ་ཁོལ་མར་བལྟ་བར་བྱའོ། །འགའ་རེ་རྒྱལ་པོ་འཕན་ཡུལ་ཟལ་མོ་སྒང་དུ་གྲོངས་ཟེར་བ་འདུག་སྟེ། བློན་པོ་སྣ་ཆེན་པོ་དང་སེ་རུ་གུང་སྟོན་ལ་སོགས།