R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 104
[A:104]སོགས་རྒྱལ་ཁམས་མང་པོ་འོག་ཏུ་བཅུག མངའ་ཐང་ཆེ་བར་བྱུང་། དགུང་ལོ་ཉི་ཤུ་རྩ་དགུ་པ་ལ་འཇང་ཡུལ་དུ་འདས། སྤུར་གཉེར་ལྕོག་གྲུ་ཁུང་ཁྲི་ཞེས་བྱ་བས་བྱས་སོ། །འཕྲུལ་རྒྱལ་བང་སོ་མང་སྲོང་གཡོན་ན་ཡོད། མིང་ནི་སེང་གེས་བརྩིགས་པ་ཅན་ནོ་སྐད། །བང་སོ་འདི་ཉིད་ལྕགས་རིས་བསྐོར་ནས་ཡོད། །དེ་ནི་ཧོར་གྱི་མི་སྡེས་བཅིགས་སོ་སྐད། །དེར་རྗེ་དང་མཆིམས་བཟའ་བཙན་ལ་མེ་ཏོག་གི་སྲས། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དུ་གྲགས་པ་དེ། ལྕགས་ཕོ་འབྲུག་ལོ་ཕོ་བྲང་ལྡན་དཀར་དུ་འཁྲུངས། དེའི་ལོ་གཞུག་ལ་ཡབ་འདས། སྲིད་བཟུང་བློན་པོ་སྦ་སྐྱེས་བཟང་སྟོང་བཙན་དང་། མཆིམས་རྒྱལ་གཟུགས། སྐྱི་ཤོ་ཏིང་འགྲོ་ཆུ་བཟང་ཧོར་མང་གསུམ་གི་བྱས། དེ་ཡང་མེས་སྲོང་བཙན་གྱི་ལུང་བསྟན། ཞལ་ཆེམས་སུ་བཞག་པ་དེ་ང་ཡིན་སྙམ་དུ་དགོངས་ནས། སློབ་དཔོན་སངས་རྒྱས་གསང་བ་དང་། སངས་རྒྱས་ཞི་བ་སྤྱན་དྲངས། ཐེག་ཆེན་གྱི་མདོ་ལྔ་དང་། དེ་བཞུགས་པའི་བྲག་དམར་མགྲིན་བཟང་། བྲག་དམར་ཀ་ཆུ། ལྷ་ས་འཁར་བྲགའཕྱིང་བུ་ནམ་རལ། མ་ས་གོང་དང་། ལྷ་ཁང་ལྔ་བཞེངས། རྒྱ་ནག་ཀེ་ཤང་ནས་མདོ་གསེར་འོད་དམ་པ་དང་། མདོ་ལས་རྣམ་འབྱེད་བསྒྱུར། བི་ཇི་ཙན་པ་ཤི་ལས། སྨན་དཔྱད་བསྒྱུར། འདིའི་རིང་ལ་ཕོ་བྲང་འཕྱིང་ང་སྟག་རྩེ་ནས་གཡུ་རྡོག་ཆེན་པོ་གཅིག་རྙེད་དོ། །དེས་བཙུན་མོ་འཇང་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་པ་ལ༑ སྲས་ཤིན་ཏུ་མཚར་བ་གཅིག་བཙས་པ་ལས། འཇང་ཚ་ལྷ་དབོན་དུ་བཏགས། དེའི་ཁབ་ཏུ་འོས་པ་བོད་ན་མེད་པས། རྒྱ་ནག་རྒྱ་རྗེ་ཝིང་འཇུང་ཞེར་གྱི་སྲས་མོ། ཀིམ་ཤིང་ཀོང་ཇོ་བླངས། ཀོང་ཇོ་མ་སླེབས་པ་ལ། གཉགས་ཁྲི་བཟང་འདོན་གྱི་བུ་མོ་མ་བླངས་པ་ལ་ཀོ་ལོང་བྱས་ནས། འཇང་ཚ་གཉགས་ཀྱིས་