R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 103
[A:103]ནི། ཨར་པོ་ལྡོང་བཙན་གྱིས་སེང་གེ་དཀར་མོའི་གཉའ་བ་ནས་བཟུང་བྱུང་སྐད། མོན་ཁྲི་བཟང་གི་སྟག་དར་མ་གཉིས་ལྕགས་ཐག་གི་སྤྲེལ་ནས་ངར་སྒྲས་ལུང་པ་བཀང་སྟེ་ཁྲིད་བྱུང་སྐད། ལྷོ་དོན་དམ་ཡང་དག་འཕགས་ཀྱིས། སེང་ལྡེང་གི་གདུང་ཆེན་པོ་བཅུ་གསུམ་གྱི་སྟེང་དུ། གོང་ཛ་ལ་ལྕགས་དོས་གཅིག་རྒྱབ་ནས་ཁུར་བྱུང་སྐད། ལྕོག་རོ་ཟངས་དཀར་གྱིས། ལྷ་སའི་རྡོ་རིང་རྐེད་ལ་བཙུགས་ནས་ཡོ་ག་ཡོ་གིན་ཁུར་བྱུང་སྐད། རྔོག་རིངས་ནག་པོས་བལ་ཡུལ་ནས་གླང་པོ་ཆེའི་ཕྲུག་གུ་ཞིག་གསོན་པོར་། ཁུར་བྱུང་སྐད། མགོས་ཤག་བྱུང་གིས། ཤ་བ་ཡུ་མོའི་བླུད་བུ་ཚྭས་རྒྱངས་ནས་ཀླད་ལ་དབྱུག་གིན་བྱུང་སྐད། སྨོན་རྒྱལ་མཚན་རྣམ་གྲགས་ཀྱིས། མིག་མཐོང་གསུམ་དེ་མདའ་རྒྱང་གང་རེས་སླེབ་ཅིང་། གཙང་པོ་ལ་ཕར་མཆོངས་ཚུར་མཆོངས་བྱེད་ཀྱིན་སླེབ་བྱུང་སྐད་དོ། །རྒྱལ་པོ་འདི་སྙུང་བའི་དུས་གཅིག བྱ་ཡིད་དུ་འོང་བ་གཅིག་གིས་སྔར་མ་མཐོང་བའི་ཤིང་གི་ཡལ་འདབ་ཉུང་ཤས་ཞིག་ཕོ་བྲང་གི་རྩེར་ཁྱེར་བྱུང་བ། ཅི་ཡིན་བརྟག་པས། རྗེའི་ཞལ་སྐྱེམས་ལ་ཕན་པར་བྱུང་བ་ལ་བརྟེན་ནས། བློན་འབངས་བློ་ཁ་ཉེ་ཤོས་རྣམས་ཀྱིས། ཕྱོགས་བཅུར་བཙལ་བས་སྔར་བོད་ན་མེད་པའི་ཇ་ཤིང་རྙེད། དེ་འཐུང་བའི་སྣོད་ལ། བོད་དཀར་བྱང་སྐྱ་དར་ཚེ་བྱ་བ་བཟོས་པ་ལགས། བཟང་ངན་གྱི་དབྱེ་བ་དྲུག་ཏེ། བཟང་ཤོས་ཤམ་ཚེ་ལ། བྱ་ཁ་ན་ཤིང་ཁྱེར་གྱི་རི་མོ་ཡོད། དེ་འོག་ལབ་ཚེ་ལ། མཚོ་ནང་ཉ་དང་བཅས་པ་ཡོད། དེ་འོག་ཤང་ཚེ་ལ། སྤང་རི་ཤ་བ་དང་བཅས་པའི་རི་མོ་ཡོད། ཐེག་ཚེ། དེབ་ཚེ། རྡོ་ཚེ་གསུམ་ནི་ཕལ་དཀར་སྟེ། རི་མོ་མེད་པའམ། མེ་ཏོག་ལ་སོགས་སྣ་ཚོགས་ཡོད། ཇ་དང་དཀར་ཡོལ་གྱི་སྔོན་མ་དེ་ནས་བྱུང་བར་བྱེད་དོ། །རྒྱལ་པོ་འདིའི་རིང་ལ་བོད་མ་ཡིན་པའི་འཇང་ཡུལ་ལ་