[A:105]བཀྲོངས་སོ། ། ལྗང་ཚ་ལྷ་དབོན་བང་སོ་ཡབ་ཀྱི་མདུན། ཟླམ་པོར་བརྩིགས་ནས་ཡོད་སྐད་དོ། ། དེར་ཡབ་དང་། ཀོང་ཇོ་འདུས་པའི་སྲས། ཁྲི་སྲོང་ལྡེ་བཙན་ནི། མེས་སྲོང་བཙན་སྒམ་པོ་འཁྲུངས་རྟིང་། ལོ་བརྒྱ་དང་བདུན་ཅུ་དོན་བཞི་སོང་བའི་ལྕགས་ཕོ་རྟ་ལོ་ལ། བྲག་དམར་དུ་སྐུ་བལྟམས། ཡབ་ནི་དགུང་ལོ་དྲུག་ ཅུ་རྩ་གསུམ་པ་ལ་ཡ་འབྲག་སྦལ་ཚན་ཁར་འདས་སོ། །ཨག་ཚོམ་བང་སོ་མུ་ར་རི་ལ་བརྩིགས། གྲལ་ནི་འཕྲུལ་གྱི་རྒྱལ་པོའི་གཡོན་ན་ཡོད། མིང་ནི་ལྷ་རི་གཙུག་ནམ་བྱ་བ་ལགས། ཁྲི་སྲོང་ལྡེ་བཙན་དགུང་ལོ་བཅུ་གསུམ་པ་ལ། ཡབ་འདས་ ཏེ། རྒྱལ་སྲིད་ལོ་བཞི་བཅུ་རྩ་གསུར་བཟུང་། འདི་ནི་འཕགས་པ་འཇམ་དཔལ་གྱི་སྤྲུལ་པར་གྲགས་ཞིང་། འདིས་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་པའི་ཚུལ་ནི་བསམ་གྱིས་མི་ཁྱབ་པ། ཁྱད་པར་དེའི་དགུང་ལོ་འགའ་ཞིག་གི་བར་ལ། སྡིག་བློན་མ་ཤང་ཁྲོན་པ་སྐྱེས་ཀྱིས་གྲོས་སྟོན་ནས། སྔར་ཕན་རྒྱལ་རྒྱུད་སྐུ་ཚེ་ཐུང་བ་ལ་སོགས་པ་རྣམས་ཆོས་ཁྲིམས་བྱས་པས་ལན་པ་ཡིན། ད་བར་ཆད་ཟློག་ཐབས་ལ་བོད་ཀྱི་ལུགས་བཞིན་སུས་མ་བྱས་པ་ལ་འཆད་པ་བྱེད་ཟེར་ནས། ལྷ་ཤཱཀྱ་མུ་ནེ་བྱེ་ཐེབས་སུ་བཅུག་པ་དང་། མང་ཡུལ་དུ་སྐྱེལ་བ་དང་། དཀོན་གཉེར་ཧ་ཤང་རྒན་པོ་རྒྱ་ནག་ལ་བསྐྲོད་པ་དང་། འབངས་གུམ་པ་ལ་དགེ་རྩ་མི་གཏོང་བ་ལ་སོགས་པའི་ཁྲིམས་བུ་ཆུང་བཅས། བསྟན་པ་ལ་གནོད་པའི་བྱ་བ་མང་པོ་བྱས་འདུག་པ་ཐམས་ཅད་རྒྱལ་བུ་རྒྱལ་སར་སྟོན་འཕྲལ་ནས་བཀག མ་ཞང་ཁྲོན་པ་སྐྱེས་གསོན་དུར་དུ་བཅུག ཇོ་བོ་མང་ཡུལ་ནས་གདན་དྲངས། དམ་ཆོས་དར་བར་བྱས་པ་དང་། བསམ་ཡས་ཀྱི་ལྷ་ཁང་བཞེངས་པར་འདོད་ནས། བོད་འབངས་རྣམས་ཤེད་གཅོག་པར་བྱ་བའི་ཕྱིར། ཁྱེད་རྣམས་ཀྱི་ངས་འདོད་པའི་ལས།