R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 6
[A:6]གེ་སར་གཉིས། དབུས་ན་བོད་ཡུལ་གངས་ཀྱི་ར་བ་དང་དགུ་ཟེར་སྟེ། འཛམ་གླིང་གི་ས་ཚད་ཀྱི་ལྟེ་བ། བོད་གངས་ཅན་འདི་ཡིན་པར་འདོད་པ་ནི། ས་མཐོ། རི་མང་། གངས་ཆགས། ཆུ་བོ་ཐམས་ཅད་འདི་ནས་ཕྱི་མཐའ་རྣམས་ལ་བབས་པའི་ཕྱིར་གྱིས། འདི་ཉིད་སའི་དབུས་ལྟེ་བ་ཡིན་པར་འདོད་དོ། །བོད་ཁ་བ་ཅན་གྱི་རྒྱལ་ཁམས་དང་། ཕྱོགས་བཞིའི་རྒྱལ་ཁམས་ཀྱི་མཚམས་ན། སྲིད་པས་བསྐོས་པའི་རྡོ་རིང་ཆེན་པོ་བཞི་ཡོད་དེ། ཤར་ཕྱོགས་རྒྱ་ནག་པོ་དང་བོད་ཀྱི་ས་མཚམས་ཤ་ཕུད་གངས་དཀར་ལྷའི་ཡུལ་ན། འགྲོན་བུ་དུང་གི་རྡོ་རིང་བཙུགས་པ་ཡན་ཆད། ལྷོ་ཕྱོགས་རྒྱ་དཀར་པོ་དང་། བོད་ཀྱི་སོ་མཚམས་ཉུག་མ་བུ་ཁུར་སྲིན་གྱི་མཐིང་ཤུན། གཡུའི་རྡོ་རིང་བཙུགས་པ་ཚུན་ཆོད། ནུབ་ཕྱོགས་སྟག་གཟིག་དང་བོད་ཀྱི་སོ་ཚམས། སྐང་མ་སྐང་གཅིག་ཀླུའི་ཡུལ་ན། ཤ་ཚེ་དངུལ་གྱི་རྡོ་རིང་བཙུགས་པ་མན་ཆད། བྱང་ཕྱོགས་ཁྲོམ་གེ་སར་དང་བོད་ཀྱི་སོ་མཚམས་མ་སྨའི་ལུ་རྒྱུད་སྨན་གྱི་ཡུལ་ན། ར་གན་གསེར་གྱི་རྡོ་རིང་བཙུགས་པ་ཚུན་ཆད། དེ་རྣམས་བོད་ཁ་བ་ཅན་གྱི་ས་ཚད་དུ་རྟོགས་པར་བྱེད་ཅིང་། རྡོ་རིང་བཞི་པོ་དེ་ལ། སྦོམ་ཕྲ་ཕོ་འདོམ་ལྔ་བཅུའི་འཁོར་དང་། དཔངས་ལ་ཕོ་འདོམ་གཉིས་བརྒྱ་རེ་ཡོད་པར་བྱེད་དོ། །བོད་ལ་ཡུལ་གྲུ་ཆེན་པོ་གསུམ་ཡོད་པ་ནི། སྟོད་མངའ་རིས་སྐོར་གསུམ་གངས་དང་གཡའི་ར་བ་རྫིང་དང་འདྲ་བ་ལ་ཡུལ་གྲུ་ཆེན་པོ་གཅིག སྨད་ལྷ་རི་ཆུ་དྲུག་ལ། ནགས་དང་ནེའུ་ལྗོངས་ཞིང་དང་འདྲ་བ་ལ་ཡུལ་གྲུ་ཆེན་པོ་གཅིག བར་དབུས་གཙང་རུ་བཞི་བྲག་དང་ཆུ་འཐབ་པ་ཡུར་བ་དང་འདྲ་བ་ལ་ཡུལ་གྲུ་ཆེན་པོ་གཅིག་ཏེ། དེ་གསུམ་མོ། །དང་པོ་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ཟེར་ཞིང་། བར་སྐབས་སུ་ལྷ་སྲིན་མང་པོའི་འཛིན་པའི་དུས་ན། གདོང་དམར་ཅན་གྱི་ཡུལ་ཟེར་