[A:5]འཛམ་བུ་གླིང་པའི་ཡུལ་ཁམས་དང་མི་རིགས་རུས་རྣམ་དབྱེ་བཞུགས་སོ། ། ཨོཾ་སྭ་སྟི། སྲིད་པའི་གཏེར་ཁ་བང་མཛོད་འཛོམས་པའི་མཐུས། །མི་སྲིད་བྱ་བ་གང་ཡང་མེད་པའི་ཕྱིར། །ཁམས་གསུམ་གླིང་བཞི་ཁྱད་པར་རྒྱ་བོད་ན། །ཡུལ་གྲངས་མི་རིགས་རྣམ་འགྱུར་འདི་ལྟར་སྣང་། །དེའང་ལྷོ་འཛམ་བུ་གླིང་པ་ཡུལ་གྲུ་ཆེ་ཆུང་དང་། མཐའ་དབུས་ཀྱི་ངོས་འཛིན། མི་རིགས། སྐད་རིགས་ཀྱི་རྣམ་དབྱེ་མང་དུ་བསྟན་ཅིང་། ཁྱད་པར་དམ་པའི་ཆོས་ཀྱི་འབྱུང་ཁུངས། ཡུལ་གྱི་དབུས་རྒྱ་གར་རྡོ་རྗེ་གདན་ལ་ངོས་འཛིན་པ་མང་ལ། མདོ་རྒྱུད་ནས་ཀྱང་བཤད་པ་ནི་ཆོས་དར་ས་ཡིན་པ་ལ་དགོངས་སོ། །འཛམ་བུ་གླིང་གི་ས་ཚད་དང་ཡུལ་ཁམས་ཀྱི་དབྱེ་གནས་བསྟན་པ་ལུགས་གཅིག་ལ། འཛམ་གླིང་སོག་ཁ་འདི་དབྱིབས་ཤིང་རྟ་ལྟ་བུ་སོག་པའི་ཡུ་བ་ལྕགས་རིའི་ངོས་ལ་བསྟན་པ་ལ་དཔག་ཚད་ཕྱེད་དང་བཞི་དང་། གཞན་ཕྱོགས་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་སོ། །དེའི་ཤར་གྱི་གླིང་གཡོག་རྔ་ཡབ་ན། ལྗོན་པ་རྟ་མགོ་ཅན་གྱི་རྒྱལ་ཁམས་ཡོད་ཅིང་། ནུབ་ཀྱི་རྔ་ཡབ་གཞན་ལ། ཡཀྴ་སྲིན་པོའི་རྒྱལ་ཁམས་ཡོད་དེ། གླིང་གཡོག་གཉིས་པོའང་དབྱིབས་གོང་དང་འདྲ་ཞིང་། རྒྱ་ནི་གླིང་ཆེ་བའི་ཕྱེད་མའི་ཚད་དོ། །འཛམ་གླིང་འདི་ལ་ཡུལ་གྲུ་ཆེན་པོ་དགུ་ཡོད་པར་འདོད་དེ། ཤར་ན་རྒྱ་ནག་དང་ཁྲི་བསྟན། ལྷོ་ན་རྒྱ་གར་དང་ཁ་ཆེ། ནུབ་ན་སྟག་སྡེ་དང་། གཟིག་འཕན། བྱང་ན་ཁྲོམ་དང་།