[A:106]གདམ་ག་བཞི་ཡོད་པས་འདི་རྣམས་གང་རུང་ཞིག་བྱེད་དམ། ལྷ་ཁང་ཞིག་བཞེངས་གསུང་པས། ལྷ་ཁང་བདམས་ནས། རྒྱལ་པོས་དགུང་ལོ་ཉི་ཤུ་རྩ་གཅིག་ལོན་ནས་སྟག་གི་ལོ་ལ་སྦ་ཡེ་ཤེས་དབང་པོ་འམ། དབའས་གསལ་སྣང་ལ་སོགས་རྣམས་ཟ་ཧོར་གྱི་ཡུལ་ནས། མཁན་པོ་བོ་དྷི་ས་ཏྭ་སྤྱན་འདྲེན་པ་ལ་བཏང་། ཕེབས་ནས། བསམ་ཡས་གཙུག་ལག་ཁང་གི་རྨངས་བཏིང་བས། བོད་ཀྱི་ལྷ་སྲིན་རྣམས་ཕྲག་དོག་ཆེ་བར་བྱུང་ནས། དབའས་མང་པོ་རྗེ་དང་། སེང་གྷོ་ལྷ་ལུང་གཉིས། ཨུ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས། བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ནས་སྤྱན་འདྲེན་དུ་བཏང་། དམ་ཆེན་གྱིས་བསྐུལ་ནས། སློབ་དཔོན་མང་ཡུལ་ནས་ཚུར་འབྱོན་པ་དང་མཇལ། བསུས་ནས་རྒྱལ་པོ་ཡོན་མཆོད་མཇལ་སར། སློབ་དཔོན་གྱིས་ང་ཆེ་ང་གཉན་གྱི་མགུར་གསུངས་པ། ཀླུ་རྒྱལ་མལ་གྲོ་པ་ལ་ཀླུ་གཏེར་བཅུག ལྷ་སྲིན་ཐམས་ཅད་དམ་ལ་བཏགས་ནས་ལྷ་ཁང་བཞེངས་པས། ཉིན་མོ་ལས་མཚན་མོ་མགྱོགས་པར་བརྩིགས། ཟུར་ཕུད་དབུ་མཚལ་ཀླུ་ཡིས་ཤིང་ཕུལ། དེར་རྒྱ་གར་ཨོ་ཏན་ཏ་པུ་རིའི་གཙུག་ལག་ཁང་ལ་དཔེ་བླངས་ནས་བསམ་ཡས་དབུ་རྩེ་རིགས་གསུམ་རི་རབ་ཀྱི་ཚུལ་དུ་བྱས། ཁོར་ས་ཕྱི་ནང་རིམ་པ་བདུན་དུ་བྱས། གླིང་ཆེན་པོ་བཞི། གླིང་ཕྲན་བགྱོད། ཉི་ཟླ་གཉིས་རྣམ་ས་ཀྱི་ལྷ་ཁང་ཐམས་ཅད། མདོ་རྒྱུད་སྡེ་སྣོད་གསུམ་དང་མཐུན་པར། ཕྱི་ལྕགས་རི་ཟུར་མངས་འཁོར་གདུགས་དང་བཅས་པ་རྒྱལ་པོས་བཀའ་གནང་ནས་བཞེངས། བཙུན་མོ་དམ་པ་དཀར་རྒྱལ་མཚོ་མེ་ཏོག་སྒྲོན་གྱིས། ཁམས་གསུམ་ཟངས་ཁང་གླིང་། འབྲོ་བཟའ་བྱང་ཆུབ་སྒྲོན་གྱིས་དགེ་རྒྱས་བྱེ་མ་གླིང་། ཕོ་ཡོང་བཟའ་རྒྱལ་མོ་བཙུན་གྱིས། བུ་ཚལ་གསེར་ཁང་གླིང་། ཡུམ་གྱིམ་ཤང་ཀོང་ཇོས། དམ་པའི་