R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 107
[A:107]ཤིང་ཁང་རྩེ་དགུ་བཞེངས། བློན་པོ་ཆེན་པོ་ཤུད་བུ་དཔལ་སེང་དང་། རྒྱལ་ཚ་ལྷ་སྩང་། སྟག་སྒྲ་ཀླུ་གོང་། མཆིམས་རྡོ་རྗེ་སྤྲེ་ཆུང་རྣམས་ཀྱིས་མཆོད་རྟེན་ཆེན་པོ་བཞི་བཞེངས། དེ་རྣམས་ཤིང་ཕོ་སྟག་ལོ་སྤྱིར་ཟླ་ར་བའི་ཚེས་བདུན། སྐར་མ་རྒྱལ་ལ་འགྲམ་བཏིང་ནས། ལ་དྲུག་ལ་ཐམས་ཅད་འབྱོངས་ཏེ། ས་མོ་ལུག་ལ་མཁན་པོ་བོ་དྷི་ས་ཏྭ་དང་། སློབ་དཔོན་པདྨས་རབ་གནས་མངའ་གསོལ་མཛད་དུས་བྱང་ཆུབ་སེམས་བསྐྱེད་གླིང་གི་ལྷ་གཙོ་བོ་རྣམ་སྣང་ནམ་མཁའ་ལ་འཕགས་པ་ལ་སོགས། ངོ་མཚར་བའི་རྣམ་འཕྲུལ་མང་དུ་བྱུང་བས། རྒྱལ་པོ་ཐུགས་རབ་ཏུ་མཉེས་ཤིང་། བློན་འབངས་ཐམས་ཅད་ངོ་མཚར་དད་མོས་ཚུགས་པར་གྱུར་ཏེ། དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་ཞེས་པར་མཚན་གསོལ། རྒྱལ་པོས་རྗེའི་དགའ་གླུ་བཅུ་གསུམ་བྱ་བ་དང་། བློན་པོ་ཆེན་པོ་རྣམས་གྱི་སྐྱིད་པའི་དཔལ་དགུ་ལ་སོགས་པ་མི་རེས་བཀྲ་ཤིས་པའི་གླུ་རེ་བླངས། བྲག་དམར་མཚོ་མོའི་མགུར། མེ་ཏོག་པད་སྡོང་རང་འཁྲུངས་ལོ་བཅུ་གསུམ་གྱི་བར་ལ་སྐྱིད་ཀྱི་བྲོ་མོ་ཆེ་བརྡུངས། དགའ་སྟོན་རྒྱ་ཆེན་པོ་བྱས། དེ་ནས་ལྷ་ཁང་རྣམས་ཀྱི་དཀོན་གཉེར་བྱེད་མཁན་དགོས་པ་བྱུང་ནས། དེས་རྐེན་བྱས་ཡོན་མཆོད་བཀའ་བགྲོས་ཏེ། སྦ་གསལ་སྣང་དང་། དབའས་ཁྲི་བཞེར། བ་གོར་བཻ་རོ་ཙ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། འཁོན་ཀླུ་ཡི་དབང་པོ་སྲུང་བ། རྨ་ཨ་ཙརྱ་རིན་ཆེན་མཆོག གཙང་ལེགས་གྲུབ་རྣམས་ལ། བཙུན་པ་བྱར་རུང་མི་རུང་ཉམས་སད་པས། ཁྱད་པར་དུ་འཕགས་པ་བྱུང་བས། བོད་ཀྱི་བཙུན་པ་ལ་སྔ་བ་སད་མི་མི་བདུན་དུ་གྲགས་པ་བྱུང་། དེ་རྣམས་ལ་སྐ་བ་དཔལ་བརྩེགས་ལ་སོགས། ལོ་ཙཱ་བ་བརྒྱ་རྩ་བརྒྱད་སློབ་ཏུ་བཅུག དེ་རྣམས་ལ་ཅོག་རོ་ཀླུའི་རྒྱལ་