R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 108
[A:108]མཚན་དང་། ཞང་བན་དེ་ཡེ་ཤེས་སྡེ་ལ་སོགས། ལོ་ཙཱ་བ་སྟོང་རྩ་བརྒྱད་སློབ་ཏུ་བཅུག་ནས། མཚན་ཉིད་ཀྱི་ཆོས་དར་བར་བྱས་ཤིང་། ལུག་ལོ་ལ་དགེ་འདུན་དེ་རྣམས་མཁན་པོའི་ཆོས་ལུགས་བཞིན་ཡོད་པར་སྨྲ་བའི་སྡེ་ཚུགས། རྒྱ་གར་ནས་དབུ་མའི་དགེ་སློང་བཅུ་གཉིས་གདན་དྲངས་ནས། དབུ་མ་བྱེ་བྲག་ཏུ་སྨྲ་བའི་སྡེ་བཙུགས། དམ་ཆོས་དར་ཞིང་རྒྱས་པར་བྱས་ལ། ལོ་གཅིག་གི་བར་ལ་ཆོས་མང་པོ་བསྒྱུར་ཏེ། མཁན་པོའི་ཞལ་ནས་བོད་དུ་མུ་སྟེགས་མི་འབྱུང་གིས། བསྟན་པ་འདི་ལ་གཉིས་སུ་གྱེས་ནས་རྩོད་པར་འགྱུར་ཏེ་མཐར་རྩོད་པ་ཕྱོགས་གཅིག་ཞི་བར་འགྱུར་རོ། །ཞེས་ལུང་བསྟན། དེར་རྟིང་མཁན་པོ་བོ་དྷི་ས་ཏྭའི་དབུ་ལ་ཆིབས་པའི་འཕྲ་ཕོག་ནས་མྱ་ངན་ལས་འདས། སྤུར་བསམ་ཡས་ཧས་པོ་རིའི་རྩེ་ལ་མཆོད་རྟེན་བརྩིགས་ནས་བཞུགས་སོ། །སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྱིར་བོད་ཡུལ་དུ་མི་ལོ་ལྔ་བཅུ་རྩ་བཞི་བཞུགས་ཏེ། ལྷ་ཀླུ་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། ས་གཞི་གནས་གངས་བྲག་མང་པོ་གནས་ཆེན་དུ་བྱིན་གྱིས་བརླབས། ཆོས་གཏེར་ནོར་གཏེར་བསམ་གྱིས་མི་ཁྱབ་པ་སྦས། གསང་སྔགས་ལ་ཡང་ལོ་ཙཱ་བ་སད་མི་མི་དྲུག་བྱ་བ་བྱུང་ཏེ། གནུབས་ནམ་མཁའི་སྙིང་པོ། འདྲེ་རྒྱལ་བ་བློ་གྲོས། རུ་གོང་བིརྱ་རྩ། གྲུ་གུ་ཨུ་པེ་ཤ དཔལ་རླངས་ཀྱི་སེང་གེ ལང་གྲོ་དཀོན་མཆོག་སེང་གེ་རྣམས་ཀྱི་བློན་པོ་ལ་གསང་སྔགས་ཀྱི་ཆོས་སྐོར་མ་ལུས་པ་ཞུས་ཅིང་། སྣ་ནམ་རྡོ་རྗེ་བདུད་འཇོམས། ལྕེ་ཀུ་ཀུ་ར་ཙ་ལ་སོགས་པའི། ལོ་ཙཱ་བྱས་ནས་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་གསུངས་པ་རྣམས་བསྒྱུར་ཏོ། །གཞན་ཡང་གཉགས་ཀུ་མཱ་ར་དང་། སོ་ཟུར་སྣུབས་གསུམ། མཁན་པོ་རྡོ་རྗེ་རིན་ཆེན་ལ་སོགས། དཀྱིལ་འཁོར་བཅོ་བརྒྱད་དུ་གྲགས་པའི་སློབ་མ་གྲུབ་