[A:109]ཐོབ་མང་དུ་སྤེལ། གསང་སྔགས་ཀྱི་བསྟན་པ་དར་བར་མཛད་ནས། ལྷོ་ནུབ་རྔ་ཡབ་གླིང་ལ་གཤེགས་ཏེ། ལྷ་སྲས་མུ་ནེ་[ཏིག]བཙན་པོས་ཐོག་དྲངས་བོད་ཀྱི་བློན་འབངས་མང་པོས་མང་ཡུལ་གུང་ཐང་གི་ལ་ཁར་སྐྱེལ་མ་བྱས། ལ་ཐོག་ཏུ་པདྨ་བཀའ་ཆེམས་སུ་གྲགས་པའི་ཞལ་གདམས་གསུང་ནས། ཉི་མའི་འོད་ཟེར་ལཆིབས་ཏེ། ཟངས་མདོག་དཔལ་རིའི་གཞལ་ཡས་ཁང་དུ་བྱོན། ད་ལྟ་སྲིན་པོའི་ཁ་གནོན་མཛད་ཅིང་། འཆི་མེད་ཚེའི་རིག་འཛིན་བརྙེས་པའོ། ། ཡང་བོད་ཀྱི་དགེ་སློང་མི་ལྔ། ཚེ་འདི་ལ་སངས་རྒྱས་པའི་ཆོས་འཚོལ་དུ་རྒྱ་གར་ལ་བཏང་། བཻ་རོ་ཙ་ནས་ཆོས་ལོན་ནོ། །ཡང་ཚེ་གཅིག་ལ་འཚང་རྒྱ་བའི་ཆོས་འདོད་གསུང་ན་ས། རྒྱལ་པོ་ཨིནྡྲ་བོ་དྷིའི་མཆོད་གནས། མཁས་པ་བི་མ་ལ་མི་ཏ་གདན་འདྲེན་པ་ལ། ཀ་ཅོག་གཉིས་དང་། རྨ་རིན་ཆེན་མཆོག་བཏང་། ཁ་ཆེའི་ཡུལ་དུ་མཇལ། བསུས་ནས་ཡོན་མཆོད་མཇལ་དུས་རྒྱལ་བློན་རྣམས་ལ། སློབ་དཔོན་འདི་ཕྱི་པ་གཅིག་ཡིན་པ་འདྲ་སྙམ་པའི་ལོག་ལྟ་བྱུང་བ་ལ། ལྷ་རྣམ་སྣང་དང་། རྒྱལ་པོ་ལ་ཕྱག་འཚལ་གྲབས་བྱས་པས། ལོག་ལྟ་སེལ་དད་མོས་ཆེ་བར་བྱུང་ཅིང་། གདམས་པ་མང་དུ་ཞུས་སོ། །ཡང་རྒྱ་ནག་ཧ་ཤང་འདུལ་བ་ལ། པཎྜི་ཏ་ཀ་མ་ལ་ཤཱི་ལ་གདན་དྲངས་ནས། རྩོད་དུ་བཅུག་པས་ཧ་ཤང་ཕམ་ནས། རྒྱ་ནག་ལ་བྲོས་སར་ལྷམ་ཡ་གཅིག་ལུས་པས། མ་འོངས་པའི་དུས་ཕྱི་མོར། བོད་དུ་ངའི་ལྟ་བ་འཛིན་པ་འགའ་རེ་ཡོང་བ་འདུག་ཟེར་རོ། །སློབ་དཔོན་ཀ་མ་ལ་ཤཱི་ལས་སྒོམ་རིམ་གསུམ་བརྩམས་ནས་རྒྱལ་པོ་ལ་ཕུལ། གང་ཟག་ལས་དག་པ་རྣམས་ནི། ཀ་མ་ལ་ཤཱི་ལའི་ཆོས་ལུགས་དང་། ལྟ་བ་ལ་ཞུགས་པའོ། །ཡང་སིང་གྷ་ལའི་བློ་དཔོན་དྷ་ན་ཤཱི་ལ་སོགས། པཎྜི་ཏ་མཁས་པ་མང་པོ་གདན་དྲངས་ནས།