[A:110]རང་རང་གི་ཡུལ་སྐད་དང་མཐུན་པའི་བསྟན་བཅོས་གསུང་ཚད་ཐམས་ཅད། མཁས་པ་བཻ་རོ་ཙ་ན། ཀ་ཅོག་ཞང་གསུམ་ལ་སོགས། རྒྱ་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱི་རིམ་པར་བསྒྱུར། མདོ་རྒྱུད་མན་ངག་འཆད་ཉན་སྒོམ་སྒྲུབ་ཀྱི་བསྟན་པ་ཉི་མོ་ལྟར་གསལ་བར་མཛད་ཅིང་། ཡང་ཡ་རབས་ཀྱི་སྐྱེ་བོ་ཕོ་མོ་བརྒྱ་བཞི་བཅུ་རྩ་གཉིས་དུས་གཅིག་ལ་རབ་ཏུ་བྱུང་ཏེ། ཤར་དུ་དགའ་ལྡན་ལྷ་ཕུག ལྷོར་སྟག་ཚང་སེང་གེ་ཕུག ནུབ་ཏུ་བྲག་དམར་པོ་ཐོན། བྱང་དུ་ཨརྱ་པ་ལོའི་ཕུག་དང་བཞིར་སྒོམ་གྲྭ་ཆེན་པོ་ཡང་བཙུགས། མཁས་གྲུབ་ཆེན་པོ་བཞིའི་རྩེ་གཅིག་གི་སྒྲུབ་པ་མཛད་ཅིང་བསྐྱངས་སོ། །ཡང་ཇོ་མོ་འབྲོ་བཟའ་བྱང་ཆུབ་སྒྲོན་གྱི་སྐུ་ཚེའི་སྨད་ལ་གཡས་རུ་སྨད་ཀྱི་ལྷ་ཁང་དང་རྒྱལ་བུ་མུ་ཏིག་བཙན་པོས། ཤངས་སུ་མཚལ་གྱི་ལྷ་ཁང་། ཇོ་མོ་དཀར་རྒྱལ་མཚོ་མེ་ཏོག་སྒྲོན་གྱིས། སྐུ་ཚེའི་སྨད་ལ་དཔལ་ཆུ་བོ་རིའི་ལྷ་ཁང་བཞེངས། མཆིམས་བཟའ་ལྷ་མོ་བཙན་དང་། མཁར་ཆེན་བཟའ་མཚོ་རྒྱལ་གཉིས་ཀྱི་སྒྲུབ་པ་མཛད་པས། ལྷ་ཁང་ཕྱག་རྗེས་མེད་དོ། །སྦ་ཡེ་ཤེས་དབང་པོ་ལ་སོགས་ཆོས་བློན་རྣམས་ཀྱི་ཡང་ལྷ་ཁང་མང་དུ་བཞེངས་སོ། །ཆོས་རྒྱལ་དེའི་རིང་ལ་གསོ་བྱེད་སྨན་གྱི་རིག་པ་ཡང་དར་བར་མཛད་ལ། དེ་ཡང་བོད་དུ་སྨན་དཔྱད་བསྒྱུར་བའི་དུས་གསུམ་བྱུང་ནི། དང་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ། གསོ་བ་རིག་པའི་དབུ་བརྙེས། ལྷ་སྲས་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། སྲོལ་གཏོད། ལྷ་བླ་མ་བྱང་ཆུབ་འོད་ཀྱི་རིང་ལ་སྨན་དར་ཞིང་རྒྱས་པར་མཛད་ཟེར་ལ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་གནང་། ལོ་ཙཱ་བ་བཻ་རོ་ཙ་ནས་ཕྱོགས་ཐམས་ཅད་ཀྱི་སྨན་པ་སྤྱན་དྲངས་ནས། རྒྱ་གར་ཤནྟི་གར་བྷ་ལ་སོགས་ཀྱིས་བོད་དུ་བསྒྱུར་ནས། སྤྱིར་སྨན་པ་ལ་མཁས་པར་གྲགས་པ་དགུ་བཅུ་རྩ་