[A:112]སྲས་བཞི་ལ། གཅེན་མུ་ཁྲི་བཙན་པོ་སྐུ་གཞོན་ནུ་ལ་གཤེགས་ནས་བང་སོ་མེད་དོ། །དེ་འོག་མུ་ནེ་བཙན་པོ་ཆུ་ཕོ་སྟག་ལ་བྲག་དམར་དུ་འཁྲུངས། ལོ་གཅིག་ཟླ་དགུ་རྒྱལ་ས་བཟུང། ཡབ་ཀྱི་དུས་མཆོད་ལ། ཚུལ་འཇུག་གིས་ཟླ་བ་ལ་བསམ་ཡས་སུ་མདོ་སྡེ་མཆོད་པ་དང་། ཆོ་འཕྲུལ་ཟླ་བ་ལ་འདུལ་བའི་མཆོད་པ་བཙུགས།། བོད་འབངས་བྱིན་པོའི་དབུལ་ཕྱུག་ཐེང་གསུམ་སྙོམས་ཀྱང་། རང་རང་གི་སྦྱིན་ཤུགས་ཡིན་པར་དགོངས། མངོན་པའི་མཆོད་པ་འཛུགས་རྩིས་ལ་སོགས། ཁྲིམས་གཉིས་དར་བར་མཛད་པའི་དགོངས་པ་ཡོད་ནའང་། དགུང་ལོ་ཉི་ཤུ་རྩ་དགུ་པ་ལ་དུག་གིས་བཀྲོངས་སོ། །འཁྲུལ་ཆེན་མུ་ནེ་བཙན་པོའི་བང་སོ་ནི། །ཨག་ཚོམ་བང་སོའི་མདུན་ངོས་གཡས་ན་ཡོད། །མིང་ནི་ལྷ་རི་ལྡེམ་བུ་བྱ་བ་ཡིན། ། དེའི་འོག་མུ་ཏིག[རུག]བཙན་པོས། ཞང་རྒྱ་ཚ་ལྷ་སྣང་བསད་པས། དེ་ཚང་གི་གཡོ་ཐབས་ཀྱི་བཀྲོངས་སོ། །མུ་ཏིག་[རུག]བཙན་པོའི་བང་སོ་དོན་མཁར་མདའ་ན་ཡོད། །མིང་ནི་སྐྱ་རེངས་ལྡེམ་པ་ལགས་སོ་སྐད། །གཅུང་པོ་ཁྲི་ལྡེ་སྲོང་བཙན། ཤིང་ཕོ་འབྲུག་ལ་བྲག་དམར་དུ་འཁྲུངས། ལོ་བཞི་པ་ལ་བཙན་པོ་འདས་ནས། ཁོང་ལ་རྒྱལ་སྲིད་བསྐོས་པའི་ཉམས་སད་པའི་ཕྱིར། ཁྲི་སྟེང་དུ་བཞུགས། དབུ་ལ་ནོར་བུའི་གཙུག་རྒྱན་གསོལ་བས། ལྗིད་མ་ཐེག་པར་མཇིང་པ་ཡོན་ཙམ་བྱུང་ནའང་། བཀྲ་ཤིས་པའི་རྟགས་མང་དུ་བྱུང་བས། སད་ན་ལེགས་མཇིང་ཡོན་ཞེས་པའི་མཚན་ཆགས། རྒྱལ་སྲིད་ལོ་སུམ་ཅུ་རྩ་གཉིས་བཟུང་། བློན་པོ་ས་མང་རྗེ་ལྡང་ལྡོང་དང་། སྒྲ་རྒྱལ་མཚོན་སྐོང་གི་བྱས།པཎྜི་ཏ་བི་མ་ལ་མི་ཏྲ་དང་། ཀ་མ་ལ་ཤཱི་ལ། ཛྙཱ་ན་སེ་ན། བལ་པོ་ཧཱུཾ་ཀ་ར་རྣམས་སྤྱན་དྲངས། ལོ་ཙཱ་བ་འཁོན་ཀླུའི་དབང་པོ་སྲུང་བ་ལ་སོགས་པ་རྣམས་ཀྱི་སྔར་