[A:111]གཉིས་བྱུང་། དེའི་ནང་ནས་དར་བྱེད་ཀུན་ཏུ་གྲགས་པའི་སྨན་པ་བཞི་བཅུ་རྩ་ལྔ།ཁྱད་པར་རྒྱལ་པོའི་བླ་སྨན་དུ་བསྐོས་པ་དགུ་ནི། སྟོད་ན་བི་ཇི་ཆེ་རྫི་འུག་པ་གསུམ། བར་ན་མི་ཉག་བྲང་ཏི་གཡུ་ཐོག་གསུམ་སྨད་ན་གཉའ་དང་འཐབ་ཞི་སྟོད་དང་གསུམ། །ཞེས་བྱ་བའི་དྲང་སྲོང་སྤྲུལ་པ་མཁས་བཙུན་ལྡན་པའི་སྨན་པ་རིམ་པར་བྱུང་སྟེ། རྒྱལ་པོའི་ལུང་གིས། ང་ནི་ཀུན་གྱི་ལྷ་ཡིན་ལ། །འདི་དག་ང་ཡི་རྗེ་ཡིན་པས། །ཀུན་གྱི་ལྷ་རྗེར་མཚན་གསོལ་ལ། །མཆོད་ཅིང་བཀུར་སྟིའི་གནས་སུ་བསྟན། །གསུངས་པའི་འཕྲིན་གྱི་དྲིལ་བསྒྲགས་སོ། །རྗེ་དེའི་བློན་པོ་ནི། མགོས་ཁྲི་བཟང་ཡབ་ལྷག་དབས་རྒྱལ་ཏོ་རེ། ཁྲི་གསུམ་རྗེས་སྟག་སྣ། གཉགས་སྟག་བཙན་ལྡོང་གཟིགས་ལ་སོགས་པས། མཛངས་ཀྱི་ལས་ཐབས་བྱས། ཞང་རྗེ་རྒྱལ་གཟིགས་དང་། སྟག་སྒྲ་ཀླུ་གོང་གིས་ཕྱི་དགྲ་བཏུལ། རྒྱའི་བཀྲ་ཤིས་ཁྲི་སྒོ་ཕབ་པ་ལ་སོགས་ཀྱི་ལོ་རྒྱུས་ཕྱིས་རྡོ་རིང་ལ་ཡོད་དོ། ཁྲི་གསུམ་རྗེ་སྟག་སྣས། རྒྱ་དང་གྲུ་གུ འཇང་གསུམ་གྱི་མོལ་འདུམ་བྱས། རྒྱ་བོད་མཚམས་སུ་བོད་ཀྱི་དཔའ་བོ་མི་དགུའི་འགོ་བྱས། སྐྱེ་འདུས་ཀྱི་དམག་དཔུང་སོ་ཁ་སྲུང་བ་ལ་བཞག་པས། བཀའ་མ་ལོག་ཟེར་བའི་བོད་འབྲོག་གི་སྡེ་མང་པོ་ཆགས་པས། མཐའ་དམག་བོད་དུ་མི་འཇུག་པ་སོགས། སྤྲུལ་པའི་ཆོས་རྒྱལ་ཆེན་པོ་འདི་ནི། རྒྱུ་མཚན་དུ་མའི་སྒོ་ནས། བོད་ལ་བཀའ་དྲིན་ཤིན་དུ་ཆེའོ། །འདིའི་དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པ། ཤིང་མོ་གླང་གི་ལོ་ལ་ཟུར་མཁར་དུ་སྐུ་གཤེགས་སོ། །ཁྲི་སྲོང་ལྡེ་བཙན་བང་སོ་མུ་ར་རི་ལ་ཡོད། །མིང་ནི་འཁྲུལ་རི་གཙུག་སྣང་བྱ་བ་ཡིན། །བང་སོ་ཕྱི་རྒྱ་ཅན་ཞེས་བྱ་བར་གྲགས། །འདིའི་རྩ་ན་རྡོ་རིང་ཡི་གེ་བྲིས་པ་ཞིག་ཀྱང་ཡོད། རྗེ་དེ་དང་། ཚེ་ཡོང་བཟའ་དཀར་རྒྱལ་མེ་ཏོག་སྒྲོན་གྱི་