[A:113]སྐད་སྣ་ཚོགས་ཀྱི་བསྒྱུར་བའི་ཆོས་ཐམས་ཅད། རྒྱ་གར་བསྟན་པའི་འབྱུང་ཁུངས་ཡིན་པས། རྒྱ་གར་གྱི་སྐད་ཞེ་གཅིག་ཏུ་བསྒྱུར། བོད་སྐད་གསར་བཅད་ཀྱི་གཏན་ལ་ཕབ། སྔ་སོའི་ཡབ་མེས་རིམ་པས་ལྷ་ཁང་མང་དུ་བཞེངས་འདུག གི་ངས་ནི་འཛམ་བུའི་གླིང་དུ་ཆེ་ཚད་ཐུབ་པའི་ལྷ་ཁང་ཞིག་བཞེངས་པར་འདོད་པས། ཉི་མ་ཙམ་དང་ཟླ་བ་ཙམ་དང་། སྐར་ཆེན་གྱི་ཚད་ཙམ་བཞེངས་པས། ས་དམིགས་ཚོལ་ཅིག་གསུངས་པ་ལ་བློན་འབངས་བྱིངས་པོའི་བློ་ལ་མ་ཆུད་དེ། ཆུ་དང་བྲག་གི་བཀག་ནས་དེ་འདྲ་ཤོང་ས་བོད་ཡུལ་ན་ནི་མི་བདོག་ཟེར་བ་རིམ་པར་ཞུས་པས། འོ་ན་སྐར་མ་ཆུང་ཤོས་ཀྱི་ཚད་རྒྱང་གྲགས་ཡིན་ཟེར་བ་དེ་ཙམ་ཞིག་བཞེངས་སོ་གསུངས་ནས། སྐར་ཆུང་རྡོ་རྗེ་དབྱིངས་གྱི་ལྷ་ཁང་བཞེངས། རབ་བྱུང་ཐམས་ཅད་ཀྱི་འཚོ་བ་སྦྱར། ལྷ་ས་དང་བསམ་ཡས་ལ་སོགས་སུ་བཤད་གྲྭ་བཅུ་གཉིས། ཡེར་པ་དང་མཆིམས་ཕུ་ལ་སོགས་སུ་སྒོམ་གྲྭ་བཅུ་གཉིས་བཙུགས། སྟངས་འབུལ་འབུལ་དྲུག་སེམས་ཕྱོགས་གཉིས་སུ་བྱས་ནས་དམ་ཆོས་དར་ཞིང་རྒྱས་པར་མཛད། ལྷ་སའི་ཁྱམ་ཕྲ་བཟོས། དགུང་ལོ་ལྔ་བཅུ་རྩ་བཞི་པ་མེ་མོ་བྱ་ལོ་ལ་སྦྲགས་ཀྱི་ཕུར་འདས་སོ། །རྒྱལ་ཆེན་བང་སོ་འཕྲུལ་རྒྱལ་མདོ་ན་ཡོད། །ཡུམ་གྱི་ཆབ་གང་སྐོང་པས་ནང་གི་མཐོང་། །མིང་ནི་རྒྱལ་ཆེན་འཕྲུལ་རིགས་ལགས་སོ་སྐད། །དེའི་མདུན་ན་ཡི་གེ་ཡིག་ཚང་བྲིས་པའི་རྡོ་རིང་ཞིག་ཀྱང་ཡོད་དོ། ། རྗེ་དེ་དང་འབྲོ་བཟའ་མང་པོ་རྗེའི་སྲས་ལྔ་ལ། གཙང་མ། དར་མ། རལ་པ་ཅན། ལྷུན་རྗེ། ལྷུན་གྲུབ་རྣམས་ལས། གཙང་མ་ཆོས་ལ་དགའ་ཆེས། དར་མ་སྡིག་ལ་དགའ་ཆེས་པས་རྒྱལ་སར་མ་བསྐོས། ལྷུན་རྗེ་ལྷུན་གྲུབ་གཉིས་གཞོན་ནུ་ལ་འདས་པས་བང་སོ་མེད་དོ། །