[A:116]ཞིང་རྒྱས་པར་མཛད་པ་ན། སྐུ་དྲིན་ཤིན་ཏུ་ཆེའོ། །འདི་ཡན་ཆོད་ལ་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་དང་། ཤིན་ཏུ་སྐྱིད་པའི་གདུང་རབས་ཕྱེད་དང་ལྔ་ཟེར་རོ། །ཕྱེད་པོ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། མེས་ཨག་ཚོམ་གྱི་སྲས་གཞོན་ནུ་ལ་འདས་ནས། རྒྱལ་སྲིད་བསྐྱར་ཡ་རེ་བཟུང་བ་ལ་ཟེར་རོ། ། དེར་རྟིང་ནག་པོའི་ཕྱོགས་དར་ཏུ་ཉེ་བ་དང་། བོད་སྤྱི་མཐུན་གྱི་བསོད་ནམས་འགྲིབས་པས། རྗེ་ལ་བཙུན་མོ། ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་མ་དང་། མཆིམས་བཟའ་སྐར་རྒྱལ། སྣ་ནམ་བཟའ་མང་མོ་ཁོང་ལེགས། ཉང་བཟའ་མཆོག་གི་ལྷ་མོ། ཚེ་སྤོང་བཟའ་མཐོར་རྒྱལ་མ་དང་ལྔ་ཡོད་ཀྱང་སྲིད་མ་ཟིན། རྒྱལ་པོའང་ཧ་ཅང་ཆོས་ལ་དད་ཆེས་པས། སྦ་སྟག་སྣ་ལ་སོགས་སྡིག་བློན་རྣམས་ཀྱི་བན་ཆེན་པོ་བཀུམས། ལྷ་སྲས་གཙང་མ་གྲོ་མོར་སྤྱུགས། བཙུན་མོ་དམ་པ་དང་། བྲན་ཁ་དཔལ་ཡོན་ཉེས་མེད་ལ་སྐྱོན་ཕབ། རྒྱལ་པོ་ཉིད་ཀྱང་དགུང་ལ་སོ་དྲུག་པ་ཤིང་མོ་བྱ་ལ། ཅོག་རོ་ལེགས་སྒྲ་དང་། ལྷ་གདོང་གཙང་གི་མང་གྲོ་ཞང་གི་ལྷ་ཁང་གི་རྡོ་སྐས་ལ་ཙུད་ [བཞུད]པའི་ཚེ། རལ་གྲིས་བཙབས་ནས་བཀྲོངས་སོ། །ཁུ་ཆེན་རལ་པ་ཅན་གྱི་བང་སོ་ནི། དོན་མཁར་མདའི་གཡོན་གྱི་ཕྱོགས་ན་ཡོད། མིང་ནི་ཁྲི་སྟེང་རྨང་རི་ལེགས་སོ་སྐད། དེའི་རྩ་ན་རྡོ་རིང་ཡི་གེ་མེད་པ་ཞིག་ཀྱང་ཡོད། ད་དེ་ལྟར་ན་རྒྱལ་པོ་ལ་སྲས་མེད། ལྷ་ཁང་ལ་མངའ་གསོལ་བ་མེད། རྡོ་རིང་ལ་ཡི་གེ་མེད་ཟེར། དེ་ཡན་ཆད་ལ་མུ་ནེ་བཙན་པོ་ཐེ་བའི། རྒྱལ་སར་བཞུགས་པ་བཞི་ཅུ་རྩ་གཉིས་བྱུང་ངོ་། །རྗེ་འབངས་སྐྱིད་པའི་ཉི་མ་འདེ་བའི་དུས་ཡིན་ནོ། །གཅེན་པོ་གླང་དར་མ་ཆུ་མོ་ལུག་ལོ་བ་ཡིན། སོ་དགུ་ལོན་པའི་དུས་ན་ཁྲི་རལ་བཀྲོངས་ནས། ཁོང་པས་རྒྱལ་སྲིད་བཟུང་། ལོ་