R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 117
[A:117]གཉིས་རྒྱལ་པོ་ཚུལ་བཞིན་བཟུང་། ཆུ་མོ་ཕག་གི་ལོ་གཞུག་ནས་ཐུགས་ལ་གདོན་གསོལ་བ་དང་། བློན་པོ་རྒྱལ་ཏོ་རེ། སྟག་སྣ་ཅན་ལ་སོགས་སྡིག་ལ་དགའ་བ་རྣམས་ཀྱི་བསྒྱུར་ནས། སྔར་ནུ་བོ་ལ་རྒྱལ་སྲིད་བསྐོས་པའི་སྙིང་གནད་བྱས། བོད་དུ་སངས་རྒྱས་ཀྱི་བསྟན་པ་བསྣུབས། ལོ་ཕྱེད་དང་བཞིར་སྡིག་རྒྱལ་ཁོ་ན་བྱས། ལོ་ཞེ་བཞི་པ་མེ་ཕོ་སྟག་ལོའི་དུས། ཡེར་པའི་ལྷ་རི་སྙིང་པོ་ན། ལྷ་ལུང་དཔལ་གྱི་རྡོ་རྗེ་གབ་ནས་རྩེ་གཅིག་ཏུ་སྒྲུབ་པ་ལ་ཡོད་པ། ལྷ་མོ་ནག་མོས་བསྐུལ་ནས། ལྷ་སའི་རྡོ་རིང་རྩ་རུ། ལྷ་ལུང་དཔལ་གྱི་རྡོ་རྗེ་རྒྱལ་པོ་བཀྲོངས་ནས་བྲོས་སོ། །དེ་དུས་རྒྱལ་པོ་ན་རེ། ང་ཡང་ན་སྒྲོལ་བ་ལོ་གསུམ་གྱི་ཕྱིས། ཡང་ན་ལོ་གསུམ་གྱི་སྔས་ཟེར། སྡིག་རྒྱལ་དེའི་རྐྱེན་གྱིས། ཆུ་མོ་ཕག་ནས་མེ་ཕོ་རྟའི་བར་ལོ་དྲུག་ཅུ་རྩ་བརྒྱད་ཙམ། བོད་དུ་དམ་ཆོས་སྣུབ་འདུག དར་མའི་བང་སོ་འཁྲུལ་དང་རྒྱལ་ཆེན་བར་ན་ཡོད། དེའི་མིང་ནི་བང་རིམ་འཁོར་ལོ་ཅན་ཟེར་སྟེ། རྩིག་འཕྲོ་ལ་ལུས་སོ་སྐད། གླང་དར་མ་ལ་སྨད་ཀྱི་སྟེང་ཟེར་རོ། །འདི་མན་ཆད་སྨད་སིལ་བུར་སོང་། དར་མ་གྲོངས་རྟིང་བཙུན་མོ་ཆེ་བས་བུ་ཆུང་གཅིག་བཙལ་ནས་མདང་མོ་རང་ལ་སྐྱེས་པའི་བུ་ཡིན་བྱས་པས། ཡུམ་ཀ་བརྟན་དུ་ཆུག་ཟེར་ནས། ཡུམ་བརྟན་བྱུང་། དེས་དབུ་རུ་བཟུང་། ཆུན་མ་ལ་ལྟོ་བོར་གྱི་སྲས་གཅིག་ཡོད་པ། མར་མེའི་འོད་ལ་སྲུང་བས་འོད་སྲུང་བྱུང་། དེས་གཡོན་རུ་བཟུང་། དབུ་གཡོར་འཁྲུག་པ་བྱས། རྒྱལ་རིགས་གཅིག་ལ་ཕྱོགས་རིགས་གཉིས་སུ་གྱེས། བློན་པོ་ཁུ་ཐེག་སྦྲངས་ཤང་སྲིད་དང་། རྔོག་པས་སུམ་སྒྲ་རྗེ་ཡབ་དང་། རྡོག་རྒྱལ་ལྟོ་རོ་གེལ་པ་རྣམས་ཀྱི་བྱས། རྒྱལ་བློན་དེ་རྣམས་བསོད་ནམས་ཆུང་བས། ས་མོ་གླང་ལ་ཁེངས་ལོག་བྱུང་། མེ་མོ་བྱ་ལ་བང་སོ་རྣམས་བཤིག་རྗེ་འབངས་བྱེ། རྒྱལ་ཁྲིམས་ཞིག