[A:115]ཡོན་གྱི་གཡས་མཚལ་དང་། དམ་ཡུལ་མེ་ལོང་ཐང་། ཀ་བ་དཔལ་བརྩེགས་ཀྱིས་ཀ་བ་ཡུལ་སྣ། ཚེ་སྤོངས་སྟག་བཟང་རབ་མདོས། སྟོང་ལུང་ལྷག་མ། ཚེ་སྤོངས་ལྷ་བཟང་ཀླུ་དཔལ་གྱིས། བོ་དོང་བྱ་རྒོད་ཤོང་ཀྱི་ལྷ་ཁང་རྣམས་བཞེངས་སོ། །ལར་ནི་འདི་ཡན་ལ་བོད་ཀྱི་རྒྱལ་བློན་རྣམས་ཀྱི་རྒྱ་བོད་དུ། གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པར་འདོད་དོ། །ཆོས་རྒྱལ་དེ་ནི་སྔོན་སངས་རྒྱས་ཀྱིས་ལུང་བསྟན་པར་བྱེད་ཅིང་། ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས། འཕྲིན་ལས་ཀྱི་གཙོ་བོ་དམ་ཆོས་ལ་སྤྱོད། དཀོན་མཆོག་མཆོད། ཚོགས་གཉིས་ཀྱི་ནོར་གསོག རྒྱལ་ཁྲིམས་ཆོས་བཞིན་དུ་སྐྱོང་། རབ་ཏུ་བྱུང་བ་རེ་རེ་ལ། འབངས་མི་ཁྱིམ་བདུན་བདུན་ཕུལ། འཚོ་བ་སྦྱར་བཀུར་སྟི་དང་ཕུད་དུད་བགྱིས། བསྟན་པའི་གཤེད་དང་། མངའ་ཐང་སྐྱེད་ཡབ་མེས་ཀྱི་རིང་ལ་ཆབ་འོག་ཏུ་མ་ཆུད་པའི། ཤར་ཕྱོགས་རྒྱ་ནག་པོ་དབང་དུ་འདུས། སྤོ་ལོན་ཤན་དར་དཀར་གྱིས་ཡོལ་བ་བཀྲམས་པ་འདྲ་བ་ལ་གཏུགས། ནུབ་ཕྱོགས་སྟག་གཟིག་གི་སོ་མཚམས། སྟག་ཤ་དུང་གི་སྒོ་མོ་འདྲ་བ་དང་། བྱང་ཕྱོགས་ཧོར་གྱི་སོ་མཚམས། བྱེ་མ་རྐང་རིང་ཉ་ཡི་རྒྱབ་འདྲ་བ་དང་། ལྷོ་ཕྱོགས་མོན་ལྟ་ལ་ཝ་ཏའི་ཤེལ་གྱི་དུམ་བུ་འདྲ་བ། དེ་རྣམས་ལ་གཏུགས་ཤིང་འཛམ་བུ་གླིང་གི་སུམ་གཉིས་དབང་དུ་འདུས་པར་བྱེད་དོ། །བོད་རྒྱལ་པོའི་མངའ་ཐང་ཆེ་ཤོས་ལ་བྱུང་བར་གདའོ། །དེའི་དུས་ཙ་ན་ཁྱིམ་ནི་བག་གྲོ། མི་ནི་ཁོང་དལ། ཕྱུགས་ནི་ལོ་དང་ཟླ་བ་ན་སྡུད། མི་ཉལ་ཉི་མ་ཀློང་། འབྲི་ཡན་སྣ་མེད། རྟ་ཡན་སྒྲོག་མེད། སྒོ་ལ་ཁྱི་མེད། རྗེ་བྱམས་འབངས་གུས། གྲོགས་གཞུང་བཟང་། གཉེན་ཤ་ཚ། ཕོ་ནི་དཔའ། མོ་ནི་མཛངས་ལ་ཆས་བཟང་། བོད་འབངས་བྱིངས་པོ་བདེ་སྐྱིད་ལ་ལོངས་སྤྱོད། སངས་རྒྱས་ཀྱི་བསྟན་པ་ཆེས་དར་