[A:118]ཆོས་ཁྲིམས་ཉམས། ཕྱིའི་སོ་ཁ་ཤོར། བོད་ནང་འཁྲུགས། གླང་དར་མས་བསྟན་པ་བསྣུབས་པའི་འགོ་ཚུགས་ནས། དབུས་གཙང་གི་མི་དྲུག་གམ་བཅུའི་མདོ་སྨད་དུ་རབ་ཏུ་བྱུང་ནས། བསམ་ཡས་སུ། བོད་རྒྱལ་ཚ་ལ་ན་ཡབ་སྲས་ཀྱི་སྤྱན་སྔར་སླེབས་པ་ཡན། ལོ་དྲུག་ཅུ་རྩ་བརྒྱད་ཀྱི་བར་ལ། སྤྱིར་བོད་དང་། སྒོས་དབུས་གཙང་རུ་བཞིར། སངས་རྒྱས་ཀྱི་བསྟན་པའི་སྒྲ་མི་གྲགས་པ་བྱུང་ཏེ། སྡོམ་པ་འབོགས་ལན་གྱི་བཀའ་ཆད། གཙུག་ལག་ཁང་རྣམས་ཝ་ཁྱིའི་ཚང་བཅས། ཚེར་ཕུང་སྐྱེས། བཤས་ར་ལུད་ཁང་བྱས། ལྡེར་བཟོ་ལ་སྤྲང་པོའི་སྦ་ཟོམ་བཀལ། མི་དགེ་བའི་ལས་ཐབས་སྣ་ཚོགས་བྱུང་བས། གླང་དར་མ་ཡབ་སྲས་ནི་བོད་ཁམས་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆུང་ངོ་། །ཡུམ་བརྟན་དགུང་ལོ་སུམ་ཅུ་སོ་དྲུག་ལ་འདས་ཏེ། བང་སོ་མེད་དོ། །འོད་སྲུང་ནི་ཤིང་ལོ་ལུག་གི་ལོ་ལ་ཕོ་བྲང་ཡུམ་བུར་བཙས་པ་སྟེ། སུམ་ཅུ་རྩ་དགུ་ལ། ཡར་ལུང་འཕན་མདར་འདས་སོ། །འོད་སྲུང་བང་སོ་འཕྲུལ་གྱི་རྒྱབ་ན་ཡོད། །མིང་ནི་སྐྱེའུ་ལྷ་བསྟན་ལགས་སོ་སྐད། དེ་ཕྱིན་ཆད་བང་སོ་བརྩིགས་པ་ཡང་ནུབ་བོ། །བསྟན་པ་ཕྱིས་དར་གྱི་བྱུང་ཚུལ་ནི། གླང་དར་མས་བསྟན་པ་བསྣུབས་པའི་ཚེ། དཔལ་ཆུ་བོ་རི་ནས་འཇད་པ་གཙང་རབ་གསལ་དང་། བོ་དོང་པ་གཡོ་དགེ་འབྱུང་། སྟོད་ལུང་པ་དམར་ཤཱཀྱ་མུ་ནེ་གསུམ་གྱིས། འདུལ་བའི་པོ་ཏི་དྲེའུ་རྒྱབ་ཁལ་གཅིག་བཀལ་ནས། མངའ་རིས་ལ་བྲོས་གར་ལོག་ལ་ཕྱིན། ལོ་ཙཱ་བ་མེད་པས་འགྲོ་དོན་མ་བྱུང་བ་ཧོར་ཡུལ་བསྐོར་ནས། མདོ་སྨད་ཨན་ཆུང་རྣམ་རྫོང་། དན་ཏིག་ཤེལ་གྱི་ལྷ་ཁང་དུ་སླེབས། དེ་ཕྱོགས་རྣམས་སྡིག་རྒྱལ་དང་ཐག་འགྱངས་ཤིང་། སྙིང་རུས་ཆེ་བས་ཆོས་ཀྱི་བརྡ་མཚོན་ཙམ་ཡང་འདུག་པ་དང་།