R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 119
[A:119]བོན་རྒན་དམུ་ཟུ་གསལ་བཟང་བྱ་བའི་ཚ་བུ། དམུ་ཟུ་རབ་གསལ་འབར་བྱ་བ། ལོ་བཅོ་ལྔ་པ་གཅིག་ཁོངས་རྣམས་ལ་དད་ནས། གཙང་གི་མཁན་པོ་གསོལ་གཡོས་སློབ་དཔོན་བྱས་ཏེ། དགེ་ཚུལ་ཞུས་པའི་མིང་། དགེ་བ་རབ་གསལ་དུ་བཏགས་སོ། །འདིའི་སྐབས་སུ་ལྷ་སར། ལྷ་ལུང་དཔལ་གྱི་རྡོ་རྗེས་སྡིག་རྒྱལ་བསད་ནས་བྲོས་པའང་། མདོ་སྨད་དུ་ཁོང་རྣམས་འཛོམས་པའི་དགེ་བ་རབ་གསལ་བསྙེན་རྫོགས་བྱེད་པ་ལ། སྔར་གྱི་མཁན་སློབ་དང་། དམར་གྱི་གསང་སྟོན་བྱས། ལྷ་ལུང་དཔལ་རྡོར་གྱི་རྒྱལ་པོ་བསད་པས་ཁ་སྐོང་མི་རུང་ཟེར། རྒྱའི་ཧ་ཤང་ཀེ་ཝང་དང་། གྱི་ཝན་བྱ་བ་བཙལ་ནས། དེ་རྣམས་ཀྱི་དྲུང་དུ་བསྙེན་རྫོགས་བྱས། མིང་དགོངས་པ་རབ་གསལ་དུ་གྲགས་ཞིང་། དེས་བསྟན་པའི་མེ་རོ་སྨད་ནས་བསླང་ཞེས་ཟེར་རོ། །དེར་རྟིང་ལོ་ལྔ་ནས། བླ་ཆེན་དགོངས་པ་རབ་གསལ་གྱིས་མཁན་པོ་མཛད། སྤང་གོང་ཡེ་ཤེས་གཡུང་དྲུང་དང་། པར་རིན་གསལ། འལ་རྡོ་རྗེ་དབང་ཕྱུག སྣུབས་རཀྴི་ཏ། ཇོ་བོ་ཡེ་ཤེས་སེང་གེ ཅོག་རོ་ཤེས་རབ་བྱང་ཆུབ་རྣམས། དགེ་ཚུལ་སྒྲུབ་ཏུ་བཅུག་པ། མཁན་སློབ་ཆ་མ་ཚང་བས། བླ་ཆེན་གྱི་སློབ་མ་ལ་སྔ་བ་ཁམས་ཀྱི་ཟོག་པོ་མི་དྲུག་བྱ་བར་གྲགས་པ་བྱུང་། བླ་ཆེན་གྱི་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་བྱ་བ་ཡང་དེ་རྣམས་ལ་བྱས་པར་བྱེད་དེ། བཞི་ནི་ཞྭ་ཐེབ་ཀྱི་མུ་ཐུམ་དང་། བླ་གོས་ཀྱི་མཐའ་མཚམས་དང་། ཏོར་བུ། ཀ་པ་ལའི་ནང་རྣམས་སྔོན་པོར་མཛད་པ། བླ་ཆེན་དང་པོ་བོན་པོའི་རྒྱུད་པར་སོང་བས། ཐུགས་ཞེན་གྱི་བརྡ་མཚོན་ཡིན་ཟེར་བར་འདུག དེ་རྣམས་ཀྱི་རྒྱུ་མཚན། བསམ་ཡས་ནས་ཡུམ་བརྟན་གྱི་རྒྱལ་རྒྱུད། མངའ་བདག་ཚ་ལ་ན་ཡབ་སྲས་ཀྱི་གསན་ནས། དབུས་གཙང་གི་མི་དྲུག་མདོ་སྨད་དུ་ཆོས་འཚོལ་བ་ལ་བཏང་བ་ནི།