R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 121
[A:121]དར་ཞིང་རྒྱས་པར་མཛད་པས་ན། བསྟན་པ་ཕྱི་དར་ལ། ཨ་མེས་བླ་ཆེན་དགོངས་པ་རབ་གསལ་དང་། སློབ་མ་དབུས་གཙང་གི་མི་རྣམས། སྦྱིན་བདག་མངའ་བདག་ཚ་ལ་ན་ཡབ་སྲས་དང་བཅས་པ་ཐོག་མ་སྐུ་དྲིན་ཤིན་ཏུ་ཆེ་བ་ལགས། རྒྱལ་པོ་གླང་དར་མའི་སྲས་གཉིས་ལ་གདུང་རྒྱུད་ཇི་ལྟར་བྱུང་ན། གཅེན་ཡུམ་བརྟན་དང་། པ་ཚབ་བཟའ་བཀྲ་ཤིས་མཚོའི་སྲས། ཁྲི་ལྡེ་མགོན་གཉེན། དེའི་སྲས་ཁྲི་ལྡེ་རིག་པ་མགོན་དང་། ཉི་མ་མགོན་དང་། གཅུང་དེའི་སྲས་ལ། ཉི་འོད་དཔལ་མགོན་དེའི་རྒྱུད། ཀླུང་ཤོད་འཕན་ཡུལ་མདོ་ཁམས་ན་མང་ངོ་། །གཅེན་པོའི་སྲས་ཁྲི་ལྡེ་སོ་དང་། རྡོ་རྗེ་འབར་ལྡེ་སོའི་རྒྱུད། བུག་པ་ཅན་དང་། ཐང་ལྷ་བྲག་པ་རྣམས་སོ། །རྡོ་རྗེ་འབར་བའི་སྲས་ཁྲི་དབང་ཕྱུག་བཙན། དེའི་སྲས་ཚ་ལ་ན་ཡེ་ཤེས་རྒྱལ་མཚན། དེའི་སྲས་མངའ་བདག་ཁྲི་པ་ཡབ་སྲས། འདི་གཉིས་ཀྱི་དབུས་གཙང་གི་མི་རྣམས་མདོ་སྨད་ནས་ཆོས་འཚོལ་བ་ལ་རིམ་པར་བརྫངས་པ་དང་། དགེ་འདུན་གྱི་སྡེ། ལྷ་ཁང་བཞེངས་པ། བསམ་ཡས་ཆོས་མཁོ་སྒྲུབ་པ་ལ་སོགས། བོད་དབུས་གཙང་གི་བསྟན་པའི་མེ་རོ་གསོ་བའི་བདག་རྐྱེན་བརྗིད་ཁུར་ཆེ་བར་མཛད་དོ། ཁྲི་པའི་སྲས་ཨ་ཙ་ར་དང་། དགེ་སློང་བླ་མ་བོ་དྷི་རཱ་ཛ་རྣམས་སོ། །ཨ་ཙ་རའི་རྒྱུད་འཁྲོང་པོ་པ། གཙང་རྒྱབ་པ། གླགས་པ་ལམ་པ། གྲིབ་པ། སྙེ་ཐང་པ། ཁུམ་པ་བཙད་པོ་ལ་སོགས་པའོ། །བླ་མ་ལ་རྒྱུད་མེད། དགེ་སློང་གི་སྤེལ་བཞི་པ། བོ་དྷི་རཱ་ཛའི་རྒྱུད། ལྷ་བཙུན་སྔོན་མོ། གཉུག་རུམ་པ། ལྷ་འབྲི་སྒང་པ་ལ་སོགས་པ་བྱུང་། ད་ལྟ་འོན་མདོ་ཆབ་ཐང་བཙད་པོ་རྣམས་སོ། །དེ་རྣམས་ཡུམ་བརྟན་གྱི་རྒྱུད་ཡིན་ནོ། ཁྲི་ལྡེ་འོད་སྲུང་དང་། ཅོག་རོ་བཟའ་རྒྱལ་མོ་ལེགས་ཀྱི་སྲས། མངའ་བདག་དཔལ་འཁོར་བཙན་ཤིང་མོ་བྱ་ལ་ཡར་ཀླུངས་འཕང་མདར་