[A:124]རྣམས་གདན་དྲོངས། མཐོ་ལྡིང་དུ་མཆོད་པ་ཆེན་པོ་ཤོམས། ཡབ་མེས་ཀྱི་བཞེངས་པའི་ལྷ་ས་དང་། བསམ་ཡས་ལ་སོགས་པ་ལ་ཞིག་གསོས་གྱིས། མདོར་ན་སངས་རྒྱས་ཀྱི་བསྟན་པ་དར་བའི་ཐབས་རྩོལ་གྱིས་ཤིག་གསུངས་ནས་བཞག་འདུག དེའི་སྐབས་སུ་གཅུང་སྲོང་ངེའི་སྲས། ལྷ་ལྡེས་པཎྜི་ཏ་སྨྲྀ་ཏི་དང་། ཕྲ་ལ་རིང་མོ་སྤྱན་དྲངས་ནས་ཆོས་བསྒྱུར་རྩིས་ལ། ལོ་ཙཱ་བ་བལ་པོར་ཕོ་ལོག་བྱུང་ནས་ཤི ཆོས་བསྒྱུར་མཁན་ནི་མེད། སྔར་ཤེས་པ་རྣམས་ཉམས་སུ་ལེན་མཁན་ནི་ཡོད་དེ་ལོ་ཙཱ་མེད་པས་པཎྜི་ཏ་གཉིས་པོ་བོད་དུ་ལོ་འགའ་ཡང་འཁྱམས་སོ། །དེའི་ཚེ་བལ་པོ་རྨེ་རུ་རྩེ་བྱ་བ། བོད་དུ་ཡོང་ཆོས་བཤད་ནའང་ལོ་ཙཱ་བ་མེད་པས། མ་གོ་བར་ཕར་ལོག དེ་མཚམས་ལོ་མང་རབ་ཀྱི་བར་ལ་ལོ་པཎ་གྱི་འབྱོན་ཞུད་ཆད་དོ། །དེ་རྟིང་ལྷ་བཙུན་བྱང་ཆུབ་འོད་ཀྱི་བཏང་བའི། རྒྱ་བརྩོན་སེང་དང་། ནག་ཚོས། ཇོ་བོ་རྗེ་སྤྱན་འདྲོངས་ནས་བལ་པོར་ཕེབས་དུས། རྒྱ་བརྩོན་སེང་ལ་མུ་སྟེགས་པའི་ངན་སྔགས་བྱུང་ནས་འདས། ཇོ་བོའི་ཞལ་ནས། བོད་སྤྱི་མཐུན་ལ་རྒྱ་བརྩོན་སེང་མི་འཆི་བའི་བསོད་ནམས་ཡང་མི་འདུག ད་ལོ་ཙཱ་མཁས་པ་མེད་པས་ང་ཕྱིན་ཀྱང་བོད་ལ་ཕན་མི་ཐོགས། ཕྱིར་ལོག་འགྲོ་གསུངས་པ་ལ། ནག་ཚོས། ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ལ་སོགས་པ་ཡོད་པས། ཞུ་བ་ནན་སྐྱེད་པས། མཐོ་ལྡིང་དུ་ཡོན་མཆོད་ཞལ་མཇལ། ཆོས་མང་པོ་བསྒྱུར། མངའ་རིས་དབུས་གཙང་གི་ས་ཆར་ལོ་མང་པོ་བཞུགས། རྟེན་རབ་གནས་མེད་པ་ལ་རབ་གནས། ཡོན་བསྔོ་བ་མེད་པ་ལ་བསྔོ་བ། གཤིན་དགེ་བ་མེད་པ་ལ་དགེ་རྩ་གཏོང་བ་ལ་སོགས། དགེ་བ་དཀར་ཕྱོགས་འཕེལ་བའི་སྲོལ་མང་པོ་བཏོད། དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་པས་ན། ཇོ་བོ་ཡོན་མཆོད་སློབ་དཔོན་དེ་རྣམས། བོད་ལ་བཀའ་