[A:127]འཇམ་དབྱངས་ཀྱི་སྐུ་བཞེངས། ཉི་ཤུ་རྩ་བཞི་ལ་མཆོད་རྟེན་བཞེངས། དངུལ་དཀར་ལྔ་བརྒྱ་ལ་ཕག་དཀར་དང་ལྷན་སྐྱེས་བཞེངས། དངུལ་དཀར་སྟོང་ཕྲག་བཅུ་གཉིས་ཀྱི་བྱམས་པ་བཞེངས། གསུངས་རབ་མང་པོ་བཞེངས་སོ། །དེའི་སྲས་ཨ་སོགས་ལྡེས། རྡོ་རྗེ་གདན་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཕུལ་བའི་གྲོང་བཞི་བཅུ་རྩ་གཉིས་སོག་པོ་ལས་ཉོས་ནས། རྡོ་རྗེ་གདན་དུ་ཕུལ། རིན་དངུལ་དཀར་བཅུ་གཉིས་རེ། ལོ་རེ་བཞིན་སོག་པོ་ལ་གདབ་པ་བྱས་སོ། །དེའི་སྲས་འཛེ་དར་སྨལ་དང་། ཨ་ནན་སྨལ་ལ། ཕོ་བོས། ཀྱཻ་རྡོར་ལྷ་དགུ་དངུལ་དཀར་ལུགས་སུ་བཞེངས། ནུ་བོས་རྡོ་རྗེ་གདན་གསོས། གསེར་གྱི་བཀའ་འགྱུར་བཞེངས། དེའི་སྲས་རེའུ་སྨལ་གྱིས་རྒྱ་གར་ནས་རྒྱལ་ཁམས་མང་དུ་བླང་། དངུལ་དཀར་བཞི་བཅུ་ལ་སྨན་ལྷ་མཆེད་བརྒྱད་བཞེངས། ལྷ་སར་ཇོ་བོའི་དབུ་ཐོག་ཏུ་གསེར་ཐོག་ཕུབ། དེའི་སྲས་སངྒ་སྨལ་ཡིན། ཇི་དར་སྨལ་གྱི་སྲས། ཨར་འཇི་སྨལ་གྱིས་གསེར་དཀར་བཅུ་གཅིག་ལ་སྒྲོལ་མའི་སྐུ་བཞེངས། རྒྱལ་ས་མ་ཐོབ་གོང་དུ་ས་སྐྱར་ལྷ་བཙུན་བྱས། དེའི་སྲས་ཡར་རྩེར་སྐྱེས་པ་སྲི་ཏི་སྨལ་དང་། དཔལ་ལྡན་གྲགས་པས་ས་སྐྱའི་ཆོས་ཁྲི་ཆེན་མོ་དང་། ལྷ་སའི་བཅུ་གཅིག་ཞལ་གྱི་སྟེང་དུ་གསེར་ཐོག་བྱས་སོ། །དེ་རྣམས་གཅེན་སྐྱིད་ལྡེ་ཉི་མ་མགོན་གྱི་རྒྱུད་པ་ཡིན་ནོ། ། གཅུང་པོ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱི་སྲས། དཔལ་ལྡེ་འོད་ལྡེ་སྐྱིད་དེ་རྣམས་ལ་སྨད་ཀྱི་ལྡེ་གསུམ་ཟེར། ཡབ་སྲས་འདི་པ་མངའ་རིས་གུང་ཐང་མན་ལ་ཆགས་ཏེ། དཔལ་ལྡེའི་རྒྱུད་སྔོན་པོའི་ཚོན་པོ་ལ་ཐུག་པ་ནི། ཁབ་གུང་ཐང་པ།ཀླུ་རྒྱལ་གླིང་པ། སླ་ལུང་། གཙང་སྐོར་བ་རྣམས་ཏེ། ལས་སྟོད་ཡན་ཆོད་རྣམས་སོ། །གཅུང་སྐྱིད་ལྡེ་འཇད་རྟ་ནག་ན་ཡོད་པ་རྣམས་སོ། །གཅིག་ནི་རྒྱུད་བཙན་པོ་