R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 126
[A:126]རབ། གཉན་ཆུང་དར་མ་གྲགས། ཅོག་རོ་ཆོས་མཆོག མར་པ་དོ་པ། ལྷོ་བྲག་མར་པ་ལོ་ཙཱ། པ་ཚབ་ཉི་མ་གྲགས། རྨ་བན་ཆོས་འབར། རྭ་ལོ། ཅལ་ལོ། ས་ལོ་ཀུན་དགའ་རྒྱལ་མཚན། ཁྲོ་ལོ་བྱམས་པ་དཔལ་ལ་སོགས་པ། རྒྱ་བོད་གྱི་ལོ་ཙཱ་བ་མཁས་པ་མང་པོས། སྔགས་མཚན་ཉིད། བཀའ་བསྟན་བཅོས་དཔག་ཏུ་མེད་པ་བསྒྱུར། བསྟན་པ་ཆེས་ཆེར་གསལ་བར་མཛད་པས། བཀའ་དྲིན་ཤིན་ཏུ་ནས་ཀྱང་ཆེའོ། ཁྱད་པར་གྱིས་ཀྱང་མངའ་བདག་རྩེ་ལྡེའི་སྐུ་ཚེའི་སྨད་ལ། ཁྲོ་ལོ་བྱམས་པའི་དཔལ་རྒྱ་གར་ནས་པཎྜི་ཏ་སྤྱན་འདྲེན་དུ་བཏང་བས། ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་ཞེས་པ་དེ་ཉིད། དགུང་ལོ་བརྒྱད་ཅུ་རྩ་ལྔ་བཞེས་ནའང་། ཡི་དམ་ཀྱི་ལུང་བསྟན་བྱུང་བས། མེ་ཕོ་རྟ་ལོ་ལ་གདན་དྲོངས། བོད་ཡུལ་དུ་ལོ་བཅུ་གཉིས་བཞུགས། ས་ཁྲོ་ལྕལ་གསུམ་ལ་སོགས་སློབ་མ་མཁས་པ་མང་དུ་སྤེལ། གཙང་སོ་བ་ཚུལ་ཁྲིམས་མཛེས་དང་། རྡོར་བྱང་རྣམ་གཉིས་ལ་སོགས་པའི་སློབ་མ་བསྐོས་ནས། བསྟན་པའི་སྲོལ་བཙུགས། བོད་ཀྱི་སྤྱི་མཆོད་ཚོགས་པ་སྡེ་བཞིར་གྲགས་པའི། བསྟན་པའི་རྒྱུན་ཆུ་བོའི་གཞུང་ལྟར་གསལ་བ་འདི་ཉིད་མཛད་ཅིང་། དགུ་བཅུ་རྩ་བདུན་པ་ལ་རྒྱ་གར་ལ་བཞུད། གོ་དགུ་བཞེས་པ་མེ་ཡོས་ལ་ཆོས་དབྱིངས་སུ་གཤེགས་པར་གདའོ། །མངའ་བདག་རྩེ་ལྡེའི་སྲས། བྷ་ལྡེ། དེ་ནས་རིམ་པ་བཞིན། ལྡེ་བྷ་ལྡེ། ན་ག་ལྡེ་པ་རྣམས་བྱོན། འདི་ཡན་ཆོད་ལ་གུ་གེ སྤུ་རངས། མར་ཡུལ་ལ་སོགས་པའི་བཙན་པོ་རྣམས་ཆད་པར་འདོད་ཅིང་། དཔལ་འཁོར་བཙན་མན་ཆད་འདི་ལ། སྔོན་རབས་ཀྱི་ཡིག་ཚང་དང་མི་མཐུན་པ་འགའ་རེ་སྣང་ངོ་། །ན་ག་ལྡེའི་སྲས་བཙན་ཕྱུག་ལྡེ་ཡ་རྩེར་བྱོན། དེའི་སྲས་བཀྲ་ཤིས་ལྡེ། དེའི་སྲས་བཀྲ་བཙན་ལྡེ། དེའི་སྲས་གྲགས་པ་ལྡེས། གསེར་ཕྱེ་བྲེ་བཅུ་བདུན་ལ།