R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 133
[A:133]པོ་བྱེད་པའི་ལག་ནས་དཔུང་ཤེད་མོང་གིས་རྒྱལ་ས་ཕྲོགས། ཧོར་གྱིས་རྒྱ་ནག་གི་རྒྱལ་ས་ལོ་ཉི་ཤུ་རྩ་གསུམ་བཟུང་ཏེ། དགུང་ལོ་དྲུག་ཅུ་རེ་དྲུག་པ་མེ་ཕོ་སྟག་གི་ལོ། སྟོན་ཟླ་དང་པོའི་ཚེས་བཅུ་གཉིས་ལ། མི་ཉག་གི་ས་ཆར་གནམ་དུ་གཤེགས་སོ། །གནམ་མམ། བྱ་ཚེ་རིང་གིས་བྱིན་པའི་ནོར་བུའི་ཐམ་ཁ་ཡང་རྒྱལ་པོ་དེའི་རིང་ལ་བྱུང་བ་ཡིན་ཟེར། དེའི་བུ་རྫོང་ཆི་དང་། ཆ་ག་ཏའི། ཐོ་ལ་ནོ་ཡོན་ལ་སོགས་པ་དགུ་ཡོད་དོ། །རྒྱལ་པོ་རང་ཡོད་དུས། སྲས་ཆེ་བ་གཉིས་པོས། རྒྱལ་ས་ལ་མི་རྩོད་པའི་ཡི་གེ་བཅུག་ནས། གཡས་རུ་གཡོན་རུའི་རྒན་པ་ལ་བསྐོས། ནུ་བོ་ཆེ་བ་ཨོ་ཀོ་ཏ་ཡིས། རྒྱལ་ས་ལོ་དྲུག་མཛད། འཇོ་ཆི་ལ་བུ་བརྒྱད་དང་། ཅ་ག་ཏ་ལ་བུ་དགུ་ཡོད། ཨོ་ཀོ་ཏའི་སྲས་ཆེ་བ་གོ་ཡུག་རྒྱལ་པོས་རྒྱལ་ས་ཟླ་བ་བདུན་མཛད། དེའི་ནུ་བོ་གོ་དན་ལ་སོགས་པ་བདུན་ཡོད། གོ་ཡུག་ལ་བུ་གསུམ་ཡོད། ཐོ་ལོ་ནོ་ཡོན་གྱི་སྔར་ཡི་གེ་མ་ཤོར་བས་རྒྱལ་ས་ལ་རྩོད་པ་ཡོད་ཅིང་། དེ་དང་བཙུན་མོ་ཟ་ཡིན་ཨེ་ཀ་ཟེ་རོག་ཏའི་བུ་ཆེ་བས། མོ་གོལ་གན་གྱི་རྒྱལ་ས་ལོ་དགུ་མཛད། སྲས་གཉིས་པ་ཨེ་ཆེན་གོ་དན། གསུམ་པ་གོ་པེ་ལ་ཤི་ཛུང་སེ་ཆེན་གན། ཤིང་མོ་ཕག་ལོ་ལ་འཁྲུངས། རྒྱལ་ས་ལོ་སུམ་ཅུ་སོ་ལྔ་མཛད། བཞི་བ་ཨ་རི་བྷོ་ག ལྔ་པ་ཧུ་ལ་ཧུ། འདི་ལྷག་པའི་རྒྱལ་པོ་ཡིན་ཟེར་ནས། རྒྱལ་ཁམས་འཚོལ་བ་ལ། སྟོད་དུ་བཏང་བས། སྟོད་ཧོར་དུ་གྲགས་པ་འདི་བྱུང་བ་ཡིན་ནོ། །སེ་ཆེན་དང་དཔོན་མོ་ཆ་བུའི་སྲས་བཞིའི་ཆེ་བ་རྡོ་རྗེ། གཉིས་པ་འཇིང་གིམ། གསུམ་པ་མངྒ་ལ། བཞི་པ་ན་མོ་གན། བཙུན་མོ་ཞྭ་གོན་མའི་སྲས་བརྒྱད་ཀྱི་ཆེ་བ་ཧུར་དཀར་ཆེ། ཨ་རོག་ཅེ།ཨ་ལ་ཆེ། གོ་ལུག་ཐི་མུར། ཨེ་སན་བྷོ་ཁ། ཐོ་གན། གོ་གོ་ཆུ། རྡོ་ལོ། ཐམས་ཅད་བསྡོམས་པས་སེ་ཆེན་གྱི་བུ་བཅུ་གཉིས་བྱུང་། སེ་ཆེན་རང་གི་དགུང་ལོ་སུམ་ཅུ་སོ་བཞི་པ་ལྕགས་ཕོ་སྤྲེའུའི་ལོ་ནས་བཟུང་སྟེ། རྒྱལ་ས་ལོ་སུམ་ཅུ་སོ་ལྔ་མཛད།