[A:132]ཆེན་པོ་ཧོར་གྱི་རྒྱལ་རབས་ཆ་ལག་ཚང་བ་བཞུགས་སོ། །ན་མོ་བཛྲ་པ་ནི་ཡེ། མཐུ་སྟོབས་གནམ་ལྕགས་རྡོ་རྗེས་བདུད་དཔུང་དང་། །གཟིར་བྱེད་སྡིགས་མཛུབ་དྲག་པོས་དགྲ་བགེགས་ཚོགས། །བསྐལ་བ་རྒྱ་མཚོའི་ཕ་མཐར་སྤྲོད་མཛད་པ། ཁྲོ་རྒྱལ་ནམ་མཁའི་མདངས་ལྡན་ཞབས་ལ་འདུད། །དེ་ཡི་སྤྲུལ་པ་བྱང་ཕྱོགས་ཧོར་ཡུལ་དང་། །སྲིད་བཟུང་སྐབས་སུ་རྒྱ་ནག་བལ་བོད་དུའང་། །བསྟན་པ་སྐྱོང་དང་རྒོལ་བ་བཟློག་པ་སོགས། །བྱས་བྱུང་ལོ་རྒྱུས་དོན་གསལ་འདི་ལྟར་རོ། །ཆེན་པོ་ཧོར་གྱི་རྒྱལ་རབས་སྔ་བ། དང་པོར་གནམ་གྱི་བུ་བྷོར་ཏ་ཆེ། དེའི་བུ་བྷར་ཏ་ཆེ་གན། དེའི་བུ་ཐམ་ཆག དེའི་བུ་ཆི་སེང་མེར་གན། དེ་སློབ་དཔོན་པདྨའི་སྤྲུལ་པ་ཡིན་ཟེར། དེའི་བུ་རྒྱུད་ལ་རིམ་པ་བཞིན། ཨ་འུ་ཛམ་པོ་དེ་ཝོ་ལ། ཡེ་ཁ་ནོ་བདུན་ནོ། །སེམས་ཟའོ་ཆེའི་ག་ཆུ། ཐོ་བུ་མེ་གེན། དེ་འདས་པའི་རྗེས་ལ། ནག་མོ་ཨ་ནན་ཁྲོ་ལས། ཉི་མ་དང་ཟླ་བའི་ཟེར་ལས་སྐྱེས་པའི་བོ་ཐོན་ཆར་མུན་ཁན། ཡང་དེའི་བུ་རྒྱུད་རིམ་པ་བཞིན། གའི་ཆི། བེ་ཁིར། མ་ནན་ཐོ་དོན། གའི་ཐུ་གན། བའི་ཤིང་། ཁོར་དོག་ཤིང་། དུམ་བི་ནའི་ཁན། ག་བུ་ལ་ཁན། བར་ཐན་བ་དུར། ཡེ་སུ་ག་བ་དུར། འདི་ཡན་ལ། ཧོར་གྱི་རྒྱལ་རབས་བཅུ་དགུ་ཧོར་ཡུལ་དུ་བྱུང་ངོ་། །ཡེ་སུ་ཁ་དུར་རྒྱལ་པོ་དང་། བཙུན་མོ་ཧུ་ལུན་གྱི་སྲས། ཐའི་ཛུང་ཇིང་གིར་རྒྱལ་པོ། ཤིང་ཕོ་རྟ་ལོ་ལ་སྐུ་འཁྲུངས་ཏེ། སྐུ་མཆེད་བདུན་ཡོད། ཁོང་གི་དགུང་ལོ་སུམ་ཅུ་སོ་གསུམ་ལོན་པ་ས་ཕོ་སྟག་ལོ་ལ། མི་ཉག་རྒྱལ་རྒོད་ཀྱི་རྗེས་ལ། ཐོ་ཛི་ཞེས་པའི་རྒྱལ་པོ་གཅིག་གིས། སུང་གི་རྒྱལ་