[A:134]བརྒྱད་ཅུ་ཐམ་པའི་ཐོག་ཤིང་ཕོ་རྟ་ལོ་གནམ་དུ་གཤེགས། སེ་ཆེན་གྱི་སྲས་ཆེ་བ་རྡོ་རྗེ་ལ་སྲས་མེད། རྒྱལ་པོ་ཇིང་གམ་དང་དེའི་བཙུན་མོ་གོ་གོ་ཅེན་གྱི་སྲས་ཆེ་བ་ཀ་མ་ལ། དྷརྨ་ཕ་ལ་ལྐུགས་པ། ཨོ་ཇ་དུར་ཏི་མུར་དང་། གསུམ་ཡོད་པའི། ཨོ་ཇ་དུ་འདིས་དབེན་ཅིང་ལོ་གཉིས་དང་། ཏའི་ཏི་ལོ་བཅུ་གཅིག་ཏེ། རྒྱལ་ས་ལོ་བཅུ་གསུམ་མཛད་དོ། །དེའི་བུ་ཏི་ཤུ་མྱུར་དུ་འདས། དྷརྨ་ཕ་ལ་དང་བཙུན་མོ་ཐ་ཧོང་ཐའི་གྷིའི་སྲས་ཆེ་བ། ཧི་ཤན་གྱིས་ལོ་ལྔ་རྒྱལ་ས་མཛད་དེ། མིང་གོ་ལུག་རྒྱལ་པོ་ཡང་ཟེར་རོ། །སྲས་གཉིས་པ་ཨ་ཡུ་པར་པ་ཏའི་སྲས་རྒྱལ་སྲིད་ལོ་དགུ་བཟུང་། མིང་བུ་ཡན་དུ་རྒྱལ་པོ་ཡང་ཟེར་རོ། །ཀ་མ་ལའི་སྲས་ཡེ་སུན་ཐེ་མུར་གྱིས་རྒྱལ་ས་ལོ་ལྔ་བཟུང་། བུ་ཡན་དུའི་སྲས་ས་ཏིའི་ཕ་ལ་གཡིང་ཛུང་གི་གན་རྒྱལ་པོས་རྒྱལ་ས་ལོ་གསུམ་མཛད། གོ་དན་རྒྱལ་པོའང་ཟེར་རོ། །གོ་དན་ལ་སྲས། ཇི་བིག་ཐི་མུར་ལ་སོགས་པ་གསུམ་ཡོད། ཡེ་སུན་ཐི་མུར་གྱི་སྲས། ར་ཁྱི་ཕག་གིས་ཞག་བཞི་བཅུ་རྒྱལ་ས་གཟུང་། མངྒ་ལའི་སྲས་ཨ་ནན་ཏ། དེའི་སྲས་ཨུ་རུག་ཐི་མུར་བསད། དེ་ལ་བུ་གཉིས་ཡོད། གོ་ལུག་རྒྱལ་པོའི་སྲས་ཆེ་བ། ཀུ་ཤ་ལས། ཁྲི་ཐོག་ཏུ་ལོ་གཅིག་ཞུགས་ཏེ། གོ་ཐུག་རྒྱལ་པོའང་ཟེར་རོ། །གཉིས་པ་ཐོག་ཐི་མུར་གྱིས་རྒྱལ་ས་ལོ་ལྔ་མཛད། ཛྭ་ཡན་དུ་རྒྱལ་པོའང་ཟེར། ཀུ་ཤ་ལའི་སྲས་གཉིས་ཀྱི་ཆུང་བ་རིན་ཆེན་དཔལ་རྒྱལ་པོ། ཐོག་མར་རྒྱལ་སར་བཏོན་པ། ཟླ་བ་གཅིག་སོང་བ་དང་གནམ་དུ་གཤེགས། དེའི་སྐབས་སུ་རྩིས་པ་རྣམས་བསགས་ནས་རྩིས་བྱས་པས། དེའི་གཅེན་པོ་ཐོ་གོན་ཐི་མུར། བྱ་ལོ་ཟླ་བ་དྲུག་པ་ཤར་ནས། རྒྱལ་སར་བཏོན་ན་སེ་ཆེན་དང་མཉམ་པ་གཅིག་ཡོང་ཟེར་བ་བྱུང་བ་ལ། མི་དཔོན་རྣམས་ན་རེ། དེ་ཙམ་རྒྱལ་ས་སྟོང་པར་འཇོག་པ། རྒྱལ་ཁམས་ཀྱི་ཁག་སུས་ཐིག་ཟེར་བ་ལ། ཨེལ་ཐི་མུར་ཐ་ཤི་ན་རེ། ཁྱེད་ལམ་ཁྱིམ་ཐི་ས་རྣམས་ཀྱི་ད་དུང་ལེགས་པར་