R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 135
[A:135]རྩིས། དེ་ལྟར་བདེན་ན་གོང་མ་སྐུ་ཚེ་རིང་བ་ལས་ལྷག་པ་མེད། དེ་བར་ལ་རྒྱལ་ཁམས་ཀྱི་ཁག་ངས་འཁུར་ཟེར་ནས། ཟླ་བ་དྲུག་རྒྱལ་ས་སྟོང་། ཁྲིམས་ཀྱི་བྱ་བ་རྣམས། ཨེལ་ཐི་མུར་གྱིས་བྱས། དེ་རྟིང་ཆུ་མོ་བྱ་ལོ་ཟླ་བ་དྲུག་པའི་ཚེས་བརྒྱད་ལ། ཕོ་བྲང་ཆེན་པོ་ཤང་རྡོར། ཐོ་གོན་ཐི་མུར་རྒྱལ་སར་བཏོན་ནས། ཅི་ཤུན་ལོ་གཅིག་དང་། ཨེན་ཐུན་ལོ་གཉིས། ཅི་དབེན་ལོ་དྲུག ཅི་བྱིང་ལོ་ཉི་ཤུ་རྩ་བདུན་ཏེ། དྲིལ་བས་ལོ་སུམ་ཅུ་སོ་དྲུག་རྒྱལ་སར་བཞུགས་ཤིང་། ཁྲི་ཐོག་ཏུ་ཕེབས་ནས་ལོ་ཉི་ཤུ་རྩ་དྲུག་ལོན་པའི་སྐབས་སུ། ས་ཕོ་ཁྱི་ལོ་ལ་ཏི་ཤྲི་ཀུན་རྒྱལ་ཞི་བར་གཤེགས། སོག་པོའི་མི་དཔོན་ངོ་ལོག་ནས། ཕོ་བྲང་ཤང་རྡོ་མེས་བསྲེགས། བདེ་བར་གཤེགས་པའི་ཚེམས་ཆེན་དང་། རྡོའི་ལྷུང་བཟེད་ནམ་མཁའ་ལ་བྱོན་ཅེས་གླེང་། དེ་རྟིང་ལོ་བཅུ་ལོན་པའི། ས་ཕོ་སྤྲེའུ་ཧོར་ཟླ་བརྒྱད་པའི་ཉེར་དགུའི་སྲོད་ལ་གོང་མ་ཆེན་མོ་ཡབ་སྲས། ཕོ་བྲང་ཏའི་དུ་ནས་ཧོར་ཡུལ་དུ་གཤེགས་དགོས་པ་བྱུང་ཤིང་། རྒྱལ་ས་རྒྱ་ཏྭ་མིང་རྒྱལ་པོས་བཟུང་བ་ཡིན་ཟེར་རོ། །དེ་ཡང་སྔ་སོར་ཕོ་བྲང་ཤང་རྡོར་སོག་པོས་མེ་ལ་བསྲེགས་དུས། སྨན་ཚེའི་རྒྱལ་པོས། ཧོར་རྒྱལ་པོ་ལ་གུས་བཏུད་བྱས་པས་མ་ལོ་བར། ཡུལ་ནས་ཕུད་ས་སྐྱར་ཡོང་། ཆོས་བྱས་པས་མི་འདུས་པ་ཆེན་པོ་བྱུང་འདུག དེའི་སྐབས་སུ་ཧོར་གྱི་རྩིས་པ་ན་རེ། ནུབ་ཕྱོགས་ཀྱི་བན་དེ་ངོ་ལོག་ནས། རྒྱལ་ས་འཕྲོག་པར་འདུག་ཟེར་བ་བྱུང་ནས་ལྟར་བཏང་བས། སྨན་ཚེ་ལྷ་བཙུན་འཁོར་མང་པོས་བསྐོར་བ་མཐོང་། དེ་ཧོར་རྒྱལ་པོ་ལ་ཞུས་པས། གསོད་ཟེར་བའི་ལུང་བྱུང་ནས། བོད་དུ་ཕྱིན་པས་ཁོ་ན་རེ། ང་ངོ་ལོག་བྱེད་རྩིས་མིན་པ་ལ་གསོད་ན་སྐྱེ་བ་ཕྱི་མ་ཧོར་གྱི་རྒྱལ་ས་འཕྲོག་པར་གྱུར་ཅིག ཟེར་བའི་སྨོད་བོར་བས། རྒྱ་ཏྭ་མིང་རྒྱལ་པོར་སྐྱེས་ནས་རྒྱལ་ས་ཕྲོགས་པ་ཡིན་ཟེར་རོ། །སྨན་ཚེ་ལྷ་བཙུན་དེར་བསད་དུས། ཁྲག་ཡང་འོ་མར་བྱུང་ཞེས་