[A:136]གྲགས་སོ། །སེ་ཆེན་རྒྱལ་པོའི་བཙུན་མོ་ཆུང་བའི་སྲས། ཨ་རོག་ཆེ་ཉི་མ་ནུབ་ཕྱོགས་ལ་གཤེགས་སུ་བཅུག་ནས། རྒྱ་བོད་མཚམས་སུ་བཞུགས། དབུས་གཙང་དུ་ཡང་བྱོན། ངོ་ལོག་ཡང་མང་པོ་མནན། དེའི་སྲས་ཐི་མུར་བྷོ་ཁས་ཀྱང་། གདན་ས་ཆེན་པོའི་ཞབས་ཏོག་དང་། ཁྲིམས་ལ་ཕན་པའི་བྱ་བ་བཟང་པོ་མང་པོ་བྱས། དེའི་སྲས་ལབ་དེ་ཡབ་ཀྱི་གོ་སར་བསྐོས་ནས། དབུས་གཙང་དུ་མ་བྱོན། མ་ཆུང་བའི་སྲས་ཆོས་དཔལ་ལ། རི་རྩིང་དབང་གི་མིང་བྱིན་དབུས་གཙང་དུ་བྱོན། རྒྱལ་གྱི་རྩིབ་རིའི་ཞོལ་དུ། སྟོད་ཧོར་གྱི་དམག་དཔུང་བཏུལ། འབྲི་ཁུང་སྒོམ་པ་ཁྲིམས་ལ་བསྒྲལ། དེའི་བུ་རྒྱུད་པདྨ་ཏྭ། པྲ་ཛྙཱ་དབང་ལ་སོགས་ག་ཆུ་ན་ཡོད་པ་རྣམས་ཡིན་ཅིང་། ཕྱི་སྐོར་དབུས་གཙང་དུ་ཕེབས་པའི་རྒྱལ་པོ་ཧོང་ཐའི་ཇི་ཛོང་ཐིང་ཆེན་པོ་ཡབ་སྲས་པ་རྣམས་ཀྱང་ཡིན་ནོ། །ཧོར་གྱི་རྒྱལ་པོ་རྒྱ་ནག་ཏུ་བྱོན་པའི་ཐོག་མ། ཐི་ཛུང་ཇིང་གར་རྒྱལ་པོས་ས་ཕོ་སྟག་ལ་རྒྱ་ནག་རྒྱལ་ས་ཐོབ་ནས། རྟིང་མ་ཐོ་གོན་ཐི་མུར་རྒྱལ་པོས། ས་ཕོ་སྤྲེའུའི་ལོ་ལ་རྒྱལ་ས་ཤོར་བ་ཡན་ལ། ལོ་བརྒྱ་དང་ལྔ་བཅུ་ང་གཅིག་སོང་ཞིང་། ཧོར་གྱི་རྒྱལ་རབས་རྐྱང་གྲངས་བཅོ་ལྔ་བྱུང་འདུགཆོས་རྗེ་ས་པཎ་དགུང་ལོ་དྲུག་ཅུ་རེ་གསུམ་བཞེས་པ། ཤིང་ཕོ་འབྲུག་ལོ་ལ། ཧོར་གྱི་གསེར་ཡིག་པ་ལ་སྔ་བ། རྡོར་ཐ་ཆེས་ས་སྐྱ་ནས། གདན་དྲངས་ནས་བྱོན། ལམ་བར་ལ་ལོ་གསུམ་སོང་། དགུང་ལོ་དྲུག་ཅུ་རེ་དྲུག་བ་མེ་མོ་ལུག་ལ་བྱང་ངོས་སྤྲུལ་པ་སྡེར་ཧོར་རྒྱལ་པོ་གོ་དན་དང་མཇལ་ནས། ཧོར་གྱི་རྒྱལ་ས་ཤོར་བ་ཡན་ལ། ཧོར་དང་ས་སྐྱ་བ་ཡོན་མཆོད་ལོ་བརྒྱ་དང་བཅུ་དྲུག་མཛད་དོ། །ཧོར་ཐོ་གོན་མུར་རྒྱལ་པོའི་ལག་ནས། རྒྱའི་ཏྭ་མིང་རྒྱལ་པོས་ས་ཕོ་སྤྲེའུའི་ལོ་ལ་རྒྱ་ནག་རྒྱལ་ས་བླངས་ནས། ད་ལོ་ཤིང་ཕོ་སྟག་གི་ལོ། སྲོག་སྨེ་བརྒྱད་དཀར་དབུས་ན་ཡོད་པ་འདི་ཡན་ལ་ལོ་དྲུག་ཅུ་རེ་བདུན་སོང་འདུག་གོ།