[A:9]བོད་ཀྱི་མི་བུ་གདུང་དྲུག་དེས། རྨ་ཁ་ཤུ་རས་ལྡེབས་སྟག་བྱ་བ་དེར། བོད་མ་གསུམ་བུ་དྲུག་ས་བགོས་བྱས། དབྲའི་ཕྲ་མོ་རབ་ཕྲ་ཐོབ། འབྲུའི་འབྲུ་མོ་ཁྲོམ་ཁྲོམ་ཐོབ། ལྡོང་གི་པ་མ་ལེ་སང་ཐོབ། སྒའི་སྒ་མོ་མེ་པོ་ཐོབ། དབྲ་སྡེས་རྒྱ་བོད་སོ་མཚམས་སུ། མཚམས་ཀྱི་མདའ་ར་གོང་མ་བཟུང་། དེ་ལ་ཆེ་རྒྱུད་གོང་ནས་མ་ཤོར་བ། ཕོ་བོ་ལྡོང་གི་བུ་རྒྱུད་ཡིན། མཐུ་ཆེན་དམ་ཚིག་མ་ཉམས་པ། སེ་ཁྱུང་དབྲའི་བུ་རྒྱུད་ཡིན། དཔའ་རྒྱ་སྟག་མཆེ་སྡེར་མ་ཉམས་པ། ཨ་ལྕགས་འབྲུའི་བུ་རྒྱུད་ཡིན། ཕྱུགས་གཡང་མོའི་མཁལ་ཚིལ་མ་ཞུ་བ། རྨུ་ཚ་སྒའི་བུ་རྒྱུད་ཡིན། །ཕོ་བོ་ལྡོང་ལ་ཆེ་དྲུག་ཡོད། སྟོད་ན་པ་ཚབ་འབྲིང་གཡས་གཉིས། །བར་ན་རོ་ཆེ་རག་ཤི་གཉིས། །སྨད་ན་མི་ཉག་གྱི་ཐེན་གཉིས། །ཆེ་དྲུག་འཆན་གྱི་བཙུན་དྲུག་དེ། །གི་རི་མདོ་དང་གླིང་པ་གཉིས། །རོ་རྗེ་ཕུ་དང་འདའ་བ་གཉིས། །གྱི་ཐན་རྒྱས་བསྡུས་ཆེ་ཆུང་གཉིས། །དེ་ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། །སེ་ཁྱུང་དབྲ་ལ་འཆད་དྲུག་ཡོད།། སྟོད་ན་ཞང་ཞུང་ཁྱུང་པོ་གཉིས། །བར་ན་མར་པ་སྤུ་རང་གཉིས། །སྨད་ན་རེ་ཁེ་ཉག་ལེ་གཉིས།། འཆད་དྲུག་འཆན་གྱི་བཙུན་དྲུག་དེ། །ཀི་ལ་རྨེ་ཤ་རྨེ་ཚན་གཉིས། །བྲག་རུ་ལ་གུ་རྡོ་ཉེ་གཉིས། །ཉག་ལེ་ཁོ་བོ་ཁོ་འདྲེ་གཉིས། །ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། ཁྲི་ཟམ་འབྲུའི་ཆེ་དྲུག་དེ། །ཤར་ན་ཀིང་དང་རོང་པོ་གཉིས། །ལྷོ་ན་བྷེ་དང་རི་ཐོག་གཉིས། །སྨད་ན་འགྲོམ་དང་ངོ་གྲོ་གཉིས། །འཆད་དྲུག་འཆན་གྱི་བཙུན་དྲུག་དེ། །ཨ་དང་སྤོས་དང་ཚ་ཁྲོམ་གསུམ། །ཞུགས་པ་བསྟོད་ཉེ་ཉེར་གྲེ་གསུམ། །ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། །རྨུ་ཚ་སྒའི་འཆད་དྲུག་དེ། །ཐོད་རུས་སྟག་ཏུ་སྟོད་ན་ཡོད། །བྱ་ཅན་ཁྲབ་ཙན་སྟོད་ན་ཡོད། །བྱ་ཆེ་སྤན་སྟོན་སྟོད་ན་ཡོད། །འཆད་དྲུག་འཆན་གྱི་བཙུན་དྲུག་དེ། །སྒ་ལ་གྱེས་པ་ཡུལ་ས་གཉིས། །བསྟན་རུས་ཡུལ་སྟག་འགྲོག་སྟ་གཉིས། ། དབའས་ལ་ཆེ་སྐོར་ཆུང་སྐོར་གཉིས། ། ཆེ་བཙུན་སྤེལ་མ་བཅུ་གཉིས་ཡོད།། །།